Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་བོད་རྒྱ་གྲོས་མོལ་སླད་མཐུན་རྐྱེན་བསྐྲུན་དགོས། 

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་རྒྱ་གྲོས་མོལ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ནང་རྒྱ་ནག་གི་ཕུགས་རྒྱང་རིང་པོའི་བརྟན་ལྷིང་སླ་བོད་རྒྱ་གཉིས་ཀྱི་འཐབ་རྩོད་དེ་ཞི་བའི་གྲོས་མོལ་བརྒྱུད་སེལ་ཐབས་བྱེད་དགོས་པར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་སླད་དེ་འབྲེལ་མཐུན་རྐྱེན་བསྐྲུན་དགོས་པའི་ཞུ་སྐུལ་གནང་འདུག

ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་ཁྲིམས་འཆར་གྱི་དགོངས་དོན་འོག་ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྣེ་ཁྲིད་པའི་ཕྱི་སྲིད་ལས་ཁུངས་ནས་བོད་རྒྱ་གྲོས་མོལ་གཙོས་བོད་ཀྱི་གནད་དོན་ཐོག་ཕྱག་ལས་ཇི་གནང་གི་སྙན་ཐོ་ཞིག་དུས་བཀག་སོ་སོའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་ཕུལ་དགོས་པ་ལྟར། ཟླ་ ༡༠ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་སུ་སྙན་ཐོ་འགོད་འབུལ་ཞུས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོར་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྟེ་ད་བར་བོད་རྒྱ་གཉིས་ཀྱི་དབར་ལ་གཞུང་འབྲེལ་གྱི་གྲོས་མོལ་བྱུང་ཐུབ་མེད་པར་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་དང་འབྲེལ། རྒྱ་ནག་གཞུང་ལ་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་འབོད་སྐུལ་ནན་པོ་གནང་བ་མ་ཚད་པར་བོད་རྒྱ་གྲོས་མོལ་གྱི་ལམ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་འབྱུང་ཚེ་བོད་མི་རྣམས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་གཙོས་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་ཐུགས་ཕན་གསོ་ངེས་ཡིན་པ་དང་། རྒྱ་ནག་གཞུང་ལའང་རྒྱལ་ནང་གི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པར་གསུངས་འདུག

དེ་བཞིན་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་བོད་ཡོངས་རྫོགས་རྒྱ་བསྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱེད་བཞིན་པར་ཐུགས་འཚབ་ཆེས་ཆེར་གནང་བ་དང་འབྲེལ། རྒྱ་ནག་གཞུང་ནས་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་མི་ཆོག་པ་དང་བོད་དེ་འཛམ་གླིང་དང་འབྲེལ་མེད་ཁྱེར་རྐྱང་དུ་འཇོག་རྒྱུ་མེད་པ། དེ་བཞིན་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་ཆེད་གསལ་གནང་འདུག་པར་མ་ཟད། རྒྱ་ནག་གཞུང་ནས་སེམས་འཚབ་ཅན་གྱི་གནད་དོན་དེ་དག་ལ་བསམ་ཤེས་བྱས་ཏེ་ཕྱོགས་གཉིས་ཀྱི་གྲོས་མོལ་དང་ལྷིང་འཇགས་ཡོང་བར་འགན་འཁུར་དགོས་ཞེས་གསུངས་འདུག

ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དང་འབྲེལ་ཏེ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་སྙན་ཐོ་དེ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་བཀུར་བའི་འགན་དབང་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ད་ཆ་ཨ་རིའི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས་གཉིས་ཀའི་ངོས་ནས་ Promoting a Resolution to the Tibet-China Conflict Act ཞེས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་ཐོག་རྒྱ་ནག་དེ་གྲོས་མོལ་གྱི་མདུན་ཅོག་ལ་འཁྲིད་དགོས་ཀྱི་ཡོད་སྐོར་གསུངས་འདུག

གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་བོད་རྒྱ་གྲོས་མོལ་དང་འབྲེལ་བའི་སྙན་ཐོ་དེ་ནི་སྐུ་ཞབས་ Biden མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་སྙན་ཐོ་འདོན་སྤེལ་གནང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོར་ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་བྷ་ཌེན་སྲིད་གཞུང་གིས་བོད་རྒྱ་་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་ལ་གླེང་མོལ་ཇི་ལྟར་གནང་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་ལ་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རིང་མིན་རྒྱལ་ས་ཝ་ཤིན་ཊོན་དུ་ཆེད་ཕེབས་གནང་སྟེ་གོང་ཞུས་སྙན་ཐོ་དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་དང་གྲོས་ཚོགས་འཐུས་མི། གསར་འགོད་པ་སོགས་དང་གླེང་མོལ་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།