Tibetan Royal Year of 2151 | Year of the Wood Dragon

འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

དེ་རིང་ཕྱི་ཟླ་ ༥ པའི་ཚེས་ ༣ སྟེ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། བཞུགས་སྒར་དུ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས། རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་པ་གཙོ་བོར་འགྱུར་བའི་དོན་ཚན་བཞི་ཅན་གྱི་དགོས་འདུན་ཆེད་བཏོན་གྱིས་ཉིན་མོ་དེ་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་སྔ་དྲོ་བོད་ཀྱི་གསོལ་མགྲོན་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་གདན་ཞུས་ཐོག་གསར་འགོད་རང་དབང་སྲུང་བརྩི་མཛད་སྒོ་ཞིག་འཚོགས་ཡོད་པའི་ཐོག བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པའི་ལས་རོགས་སྐལ་བཟང་སྦྱིན་པ་ལགས་ཀྱིས་དེ་རིང་གི་ཉིན་མོ་དང་འབྲེལ་བའི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་དུ། བོད་དང་རྒྱ་ནག་ནང་དུ་གསར་འགོད་རང་དབང་རྩ་བ་ནས་མེད་པའི་ཁྲོད་ང་ཚོ་སྐྱབས་བཅོལ་གྱི་གནས་སྟངས་འོག་ཡོད་ཀྱང་།  དེ་རིང་འདིར་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་དུ་རྩིས་ཆོག་པ་ཡིན་ཞིང་། འདས་པའི་ལོ་གཅིག་ནང་རྒྱ་གཞུང་གིས་བོད་ནང་དུ་རྒྱལ་ཁབ་ཁ་བྲལ་ཟེར་བ་དང་། ཕྱི་ཕྱོགས་སུ་གནས་ཚུལ་བརྒྱུད་སྐུར་བྱས་པ།  ༸གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་སོགས་ཉེས་འཛུགས་འདྲ་མིན་འོག་བོད་མི་ ༥༨ ལྷག་འཛིན་བཟུང་བཙོན་བཅུག་བྱས་པ་དང་། བོད་མི་ ༩ ལ་བཙོན་བཅུག་ཁྲིམས་ཐག་བཅད་པ། དེ་བཞིན་བོད་མི་ ༤ བཙོན་བཅུག་མནར་གཅོད་འོག་དམར་གསོད་བཏང་བ་སོགས་ཀྱི་ཛ་དྲག་གནས་སྟངས་མངོན་གསལ་གནང་སྟེ།

photo credit: Tibet times

རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ་དང་། གནས་ཚུལ་ཁ་གསལ་བཟོ་དགོས་པ། རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས་པ། དེ་བཞིན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཞི་བཏོན་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། གསར་འགོད་མཐུན་ཚོགས་འདི་བཙུགས་ནས་ད་ཆ་ལོ་ངོ་ ༢༧ ཙམ་འགྲོ་བཞིན་པར་ལེགས་སྐྱེས་དང་ད་དུང་བཟང་ཕྱོགས་ཀྱི་ཡར་རྒྱས་གཏང་རྒྱུའི་ཐོག་འབད་བརྩོན་དགོས་སྐོར་དང་འབྲེལ། གསར་འགོད་པ་རྣམས་ལ་དམིགས་བསལ་གྱི་རང་དབང་དང་ཐོབ་ཐང་ཡོད་པ་བཞིན། དྲང་བདེན་གྱི་གནས་ཚུལ་སྤེལ་རྒྱུའི་འགན་ཡང་ཆེ་བ་ཡོད་པ་བཞིན་དེ་ལྟར་འགན་ཁུར་བླང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་སོང་།

world press freedom day

དེ་བཞིན་དེ་རིང་གི་ཉིན་མོ་དང་བསྟུན། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་འདི་ག་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་སུ། གསར་འགོད་མཐུན་ཚོགས་ཀྱི་ཚོགས་མིའི་ཁྲོད་གསར་འགོད་པའི་ཞབས་ལོ་རིང་ཤོས་བསྒྲུབས་པའི་ཆེད་བསྟོད་ངོས་འཛིན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་བ་མ་ཟད། དེ་རིང་གི་ཉིན་མོ་དང་བསྟུན་ནས་བོད་ཀྱི་གསར་འགོད་ལྷན་ཚོགས་ཀྱི་དྲྭ་གནས་གསར་པ། TibetanJournalists.net ཞེས་པ་དེ་དབུ་འབྱེད་ཀྱང་གནང་སོང་།

མ་ཟད་དེ་རིང་གི་ཉིན་མོ་དང་བསྟུན་སྐུ་མགྲོན་གཙོ་བོ་བསྟན་འཛིན་ལེགས་བཤད་ལགས་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས། དེ་བཞིན་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་གསུམ་དབུ་བཞུགས་ཐོག བཙན་བྱོལ་བོད་མིའི་གསར་འགོད་པའི་ཐོབ་ཐང་དང་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་འཚོགས་སོང་བའི་ཐོག བཙན་བྱོལ་གྱི་གསར་འགོད་པ་རྣམས་ལ་འཐབ་རྩོད་ཀྱི་འགན་ཡོད་པའི་སྤྱི་ཚོགས་ཀྱི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་དམིགས་བསལ་གྱི་འགན་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་གནས་ཚུལ་ཁག་རྒྱལ་སྤྱིའི་ཐོག་སྤེལ་དགོས་པའི་འགན་དང་དེ་དང་འབྲེལ་བའི་དཀའ་ངལ། དེ་བཞིན་ཡང་དག་པའི་གསར་འགོད་རང་དབང་ཡོང་བར་ Right to Information ཞེས་པའི་ཁྲིམས་སྒྲིག་ཀྱི་དགོས་པ་དང་དེའི་གལ་གནད། དེ་བཞིན་གསར་འགོད་པར་གནས་ཚུལ་དྲང་བདེན་དང་ཕྱི་གསལ་ནང་གསལ་སྤེལ་བའི་འགན་ཡོད་པ་བཞིན་མང་ཚོགས་དང་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཀྱང་གསར་འགོད་པར་གདེང་ཕྱོགས་འཛིན་ཕྱོགས་དང་ཡར་ལན་གནང་ཕྱོགས་བཅས་ཀྱི་སྐོར་ལ་གོ་བསྡུར་ལྷུག་པོ་གནང་སོང་།

world press freedom day

རྩ་བའི་བོད་ཀྱི་གསར་འགོད་མཐུན་ཚོགས་དེ་བཞིན་ཕྱི་ལོ་ ༡༩༩༧ ལོར་གསར་བཙུགས་གནང་སྟེ་འདི་ལོ་ ༢༧ འཁོར་བཞིན་ཡོད་པ་དང་། དེའི་ནང་དུ་བཙན་བྱོལ་ནང་གི་བོད་པའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཚང་མའི་སྐུ་ཚབ་ཡོད་པ་རེད།

འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་ཐེངས་ ༣༡ པ་དེའི་ཐོག་རྒྱལ་ཚོགས་ཀྱི་ངོས་ནས། སའི་གོ་ལའི་ཆེད་དུ་གསར་འགྱུར། ཁོར་ཡུག་ཉམས་ཉེས་ཀྱི་གསར་འགྱུར་ལས་རིམ་ལ་ཁ་གཏད་དགོས་པའི་བརྗོད་གཞིའི་ཐོག་གླེང་སློང་གང་མང་དང་འབྲེལ་ནས་ཉིན་མོ་དེ་སྲུང་བརྩི་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།