Tibetan Royal Year of 2151 | Year of the Wood Dragon

རྡོར་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༥ འཚོགས་བཞིན་པ།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

དེ་རིང་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ ༣༥ དབུ་འཛུགས་ཀྱིས་ཉིན་བཅུའི་རིང་ཚོགས་ཀྱི་འདུག

རྩ་བའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༥ དེ་ཉིད་དེ་རིང་སྟེ། བོད་ཟླ་ ༡༡ ཚེས་ ༣༠ ནས་ཟླ་ ༡ ཚེས་ ༢༠ སྟེ་བོད་ཟླ་ ༡༢ ཚེས་ ༡༠ བར་ཉིན་གྲངས་བཅུའི་རིང་འཚོགས་ཀྱི་ཡོད་པ་དང་འབྲེལ། གོ་སྒྲིག་གནང་མཁན་ནི་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཆོས་རིག་སྡེ་ཚན་གཙོས་པའི་འབྲས་ལྗོངས་ཀྱི་དགོན་སྡེ་ཁག་རྣམས་ཆགས་ཀྱི་འདུག་པ་དང་། ཐེངས་འདིའི་སྨོན་ལམ་ཆེན་མོའི་ཐོག་རྒྱ་བལ་འབྲུག་གསུམ་ནས་གྲྭ་བཙུན་སྔགས་གསུམ་ཞལ་གྲངས་ཁྱོན་ ༩༠༠༠ ཙམ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་དང་གཉུག་མར་གནས་པ། གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྨོན་ལམ་ཆེན་མོར་ལྷན་ཞུགས་གནང་འདུག

དེ་ཡང་དེ་རིང་ཞོགས་པ་སྨོན་ལམ་གྱི་ཚོགས་མགོན་དུ་སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་རིན་པོ་ཆེ་རྣམ་པ་ཕྱོགས་བཞིར་སོ་སོའི་བཞུགས་གྲལ་ལ་རིམ་གྱིས་འཁོད་པ་དང་།  རྒྱུན་ལྡན་ལྟར་སྔ་དྲོ་ཚིག་བདུན་གསོལ་འདེབས་ཀྱི་སྒོ་ནས་དབུ་བཙུགས་ཏེ། ཐུབ་ཆོག་བྱིན་རླབས་གཏེར་མཛོད་དང་།  སྐྱབས་འགྲོ་སེམས་བསྐྱེད། གནས་བརྟན་ཕྱག་མཆོད། དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་མཎྜལ་བཞི་པའི་ཆོ་ག་ཚོགས་གཉིས་སྙིང་པོ། ལེའུ་བདུན་མ། དེའི་མཚམས་སུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་མཚན་བརྗོད་དང་། སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གཉིས་གཙོ་བོར་རྩལ་འདོན་གནང་མཐར་བསྟན་རྒྱས་སྨོན་ལམ་དང་༸རྒྱལ་བའི་ཞབས་རིམ་སོགས་གསུང་འདོན་གནང་གི་ཡོད་པ་རེད།

གཞན་ཡང་ཁ་སྔོན་ཕྱི་ཚེས་ ༨ ཉིན་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་ཉེར་བཞི་པ་དབུ་འཛུགས་གནང་ཡོད་པ་དང་། དགུན་ཆོས་དེའི་ཐོག་དྲ་ཐོག་ནས་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྗེ་མི་བསྐྱོད་རྡོ་རྗེའི་ཁྲིད་ཐུང་བརྒྱ་རྩའི་གསུང་ཆོས་སྩལ་བཞིན་ཡོད་པ་རེད།

མ་ཟད་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༤ ནས་ ༢༥ བར་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པ་ཚོགས་གཏན་ཁེལ་བ་དང་འབྲེལ། སྐབས་དེར་༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། ལྷག་པར་དུ་སྐབས་དེར་སྨོན་ལམ་སྔོན་འགྲོ་ཉིན་གསུམ་གྱི་རིང་༸བྱམས་མགོན་རྡོ་རྗེ་འཆང་ནས་བྱམས་པའི་སྨོན་ལམ་གྱི་བཀའ་ཁྲིད་དང་། བཀའ་དབང་། དབུ་ཞྭ་བསྒྲོན་མཇལ་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་དང་ཆབས་ཅིག ཟླ་ ༡ ཚེས་ ༢༨ ནས། ཟླ་ ༢ ཚེས་ ༢༩ བར་གནས་མཆོག་རྡོ་རྗེ་གདན་དུ་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བརྒྱད་པ་དེ་འཚོག་གཏན་ཁེལ་ཡོད་པ་རེད། སྐབས་དེར་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲྭ་ལམ་བརྒྱུད་བླ་མ་ལྔ་བཅུ་པའི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུར་དང་ཆབས་ཅིག བཙུན་དགོན་ཁག་ལྔའི་བཙུན་མ་རྣམས་ནས་བསྡུས་རྟགས་བློ་གསུམ་གྱི་རྩོད་འགྲན་གནང་རྒྱུ་དང་། དགུ་གཏོར་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཅིག་ཀྱང་ཚོགས་གཏན་ཁེལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།