Tibetan Royal Year of 2151 | Year of the Wood Dragon

མན་སྤར་ས་གནས་འགོ་འཛིན་གྱིས་ཁུལ་དེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་དང་མཇལ་འཕྲད་ཞུས་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་དང་། ས་གནས་འཐུས་མིའི་ཚོགས་གཙོ། དེ་བཞིན་ལས་དྲུང་དང་མཉམ་འབྲེལ་དྲུང་ཆེ་བཅས་ནས་ཆཏྟཱིས་གཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་དང་མཇལ་འཕྲད་ཀྱིས་འཚམས་འདྲི་དང་གཞིས་ཆགས་ཀྱི་ས་ཆའི་དཀའ་རྙོག་དང་། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་ལག་བསྟར་ཡོང་བའི་འབོད་སྐུལ་སྙན་སེང་ཞུས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་དབུས་ཁུལ་དུ་ཆགས་པའི་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་ཀྱིས་གཙོས་པའི་ས་འཐུས་ཚོགས་གཙོ་པདྨ་མཐར་ཕྱིན་ལགས། མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་དཔལ་འབྱོར་ལགས་བཅས་ཀྱིས་ཁུལ་དེའི་བོད་མིའི་གཞིས་ཆགས་ཀྱི་ངོ་ཚབ་ཞུས་ཏེ་ཆཏྟཱིས་གཌ་མངའ་སྡེའི་རྒྱལ་ས་ Raipur ནང་དུ་སྤྱི་ཁྱབ་བློན་ཆེན་གསར་པ་ Shri.Vishnu Dev Sai མཆོག་ལ་མངའ་སྡེའི་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་འབྲེལ། སྐབས་དེར་གཞིས་ཆགས་ཀྱི་ས་ཆའི་དཀའ་རྙོག་དང་། དེ་སྔོན་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དེ་ཉིད་བོད་མིའི་བདེ་ཐབས་སླད་དུ་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་འདུག

དེ་བཞིན་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ Brij Mohan Agarwal ལགས་སུ་མེན་པཱཊ་ས་ཆ་དེ་ཉིད་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་ཤིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དགོངས་དོན་ལྟར་གཞིས་ཆགས་རྒྱུན་གནས་ཐུབ་ཐབས་སུ་དཔལ་འབྱོར་གོ་སྐབས་གསར་བསྐྲུན་ཆེད་ས་གནས་མཉམ་འབྲེལ་གྱི་གཟིགས་སྐྱོང་འོག་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་གསར་རྒྱག་བཅས་ཀྱི་ད་ལྟའི་ལས་གཞི་རྒྱུན་སྐྱོང་དང་མ་འོངས་པར་ཡུལ་མི་བཅས་ནས་འགོག་རྐྱེན་མི་ཡོང་བ་སོགས་ཀྱི་མཐུན་འགྱུར་རོགས་རམ་གནས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

འདི་ག་རླུང་འཕྲིན་ཁང་གིས་མེན་པཱཊ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་སུ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། རྩ་བའི་ཉེ་ལམ་མངའ་སྡེའི་སྲིད་གཞུང་འཕོ་འགྱུར་ཕྱིན་པར་གོ་སྐབས་བཟང་པོ་ཞིག་ལ་ངོས་འཛིན་ཏེ་སྤྱི་ཁྱབ་བློན་ཆེན་གཙོས་པའི་གནད་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་ ས་ཆའི་དཀའ་རྙོག་ཙམ་མ་ཟད། དེ་སྔོན་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དེ་ཉིད་ས་གནས་སུ་དངོས་སུ་ལག་བསྟར་བྱུང་མེད་སྟབས། དེ་འབྲེལ་ལག་བསྟར་དང་གཞན་མཐུན་འགྱུར་རོགས་རམ་གྱི་སྙན་ཞུ་ཡར་འབུལ་ཅིང་། ཁོང་རྣམ་པའི་ངོས་ནས་ཀྱང་བོད་མིའི་བདེ་ཐབས་ཀྱི་གནད་དོན་དེ་དག་གི་ཐོག་ལ་སྲིད་བྱུས་དེ་ཉིད་ལག་བསྟར་བྱ་རྒྱུ་ཡིན་པའི་ཞལ་བཞེས་གནང་བ་སོགས་འགྲེལ་བརྗོད་གནང་སོང་།

གཞན་ཡང་ཉིན་དེར་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ Amitabh Jain ལགས་དང་། མངའ་སྡེའི་ཁྲལ་བསྡུ་ལས་ཁུངས་ཀྱི་དྲུང་ཆེ་ Bhuvnesh Yadav བཅས་དང་མཇལ་འཕྲད་ཀྱིས་གཞིས་ཆགས་ཀྱི་བདེ་ཐབས་སྐོར་དེ་མཚུངས་སྙན་སེང་ཞུས་འདུག་པ་མ་ཟད། ཕྱི་ཚེས་ ༤ ཉིན་མངའ་སྡེའི་གྲོས་ཚོགས་འཐུས་མི་གསར་པ་སྐུ་ཞབས་ Ram kumar Toppo ལགས་མེན་པཱཊ་ས་གནས་སུ་དངོས་སུ་འཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་ལས་ཁུངས་དང་གཞིས་མི་བཅས་ནས་ཕེབས་བསུ་ཞུས་རྗེས། ཁོང་གིས་གཞིས་ཆགས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་འདུག

གཞི་རྩའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ནི་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་ས་ཞིང་འབོགས་མའི་གན་ཡིག་གནང་ཕྱོགས་ཀྱི་ལོ་དུས་དང་གན་ཡིག་གཅིག་མཚུངས་མེད་པར་མངའ་སྡེ་རེ་ཟུང་ནས་འབོགས་དུས་འཕར་འགྱངས་དུས་ཐོག་མ་གནང་བར་དཀའ་ངལ་དང་། མངའ་སྡེ་སོ་སོ་ནས་བོད་མིའི་གཞིས་ཆགས་ཁག་ལ་མཐུན་འགྱུར་རོགས་མགོན་གནང་ཕྱོགས་གཅིག་མཚུངས་མེད་པ་བཅས་ཀྱི་གནས་སྟངས་ལ་བརྟེན་ནས་སྐབས་བཅུ་བཞི་པའི་བཀའ་ཤག་གིས་སྲིད་བྱུས་དགོངས་དོན་ལྟར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་སྲིད་གཞུང་གསར་རྙིང་གཉིས་ཀའི་ཆབ་སྲིད་མི་སྣ་དང་གཞུང་གི་མཐོ་རིམ་ལས་བྱེད་རྣམས་ལ་དེ་འབྲེལ་དཀའ་ངལ་སེལ་བའི་སྲིད་བྱུས་ཞིག་གཏན་འབེབས་ཡོང་བའི་སྙན་ཞུ་རབས་རིམ་དང་། མཇུག་གནོན་ལ་བརྟེན། རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་གཏན་འབེབས་གནང་བའི་གལ་ཆེ་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་པ་རེད།

པར་བདག་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།