Tibetan Royal Year of 2151 | Year of the Wood Dragon

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་འབྲུག་ཡུལ་དུ་ཐེངས་དང་པོ་ཆོས་འབྲེལ་མཛད་བཞིན་པ།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་གོང་མ་༸སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་འབྲུག་ཡུལ་དུ་ཐེངས་དང་པོ་ཆིབས་བསྒྱུར་གྱིས་ཁུལ་དེར་ཆོས་འབྲེལ་གྱི་མཛད་འཆར་ཁག་གཅིག་སྐྱོང་བཞིན་པ་མ་ཟད། འབྲུག་རྒྱལ་པོ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་མཇལ་མོལ་མཛད་འདུག

 དེ་ཡང་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༩ ཉིན་འབྲུག་ཡུལ་གྱི་སྤ་རོའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༠ ཉིན་ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་དུ་ཕེབས་ཏེ། སྐབས་དེར་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་མཆོག་དང་། ༸སྐུ་ཞི་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་སྲས་མོ་དང་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་མ་ཡུམ་ཡིན་པ་སྲས་མོ་འཆི་མེད་དབང་མོ་ལགས། དེ་བཞིན་མཁན་པོ་ངག་དབང་རྒྱ་མཚོ་དང་ཞེ་ཆེན་དགོན་པའི་གྲྭ་བཙུན་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་པའི་ཐོག ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་ལྟར་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བ་མ་ཟད། ༸སྐུ་ཞི་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྡོ་རྗེ་འཆང་གང་གི་སྐུ་གདུང་མཆོད་རྟེན་མདུན་ཚོགས་འཁོར་གནང་ཞིང་། ༸རྒྱལ་བ་ཞེ་ཆེན་པའི་གྲྭ་བཙུན་པ་རྣམས་དང་དད་ལྡན་སྦྱིན་པའི་བདག་པོ་རྣམས་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་བསྒོ་བྱིན་རླབས་བཀའ་དྲིན་སྩལ་ཡོད་པ་རེད།

ལྷག་པར་དེ་རིང་འབྲུག་གི་རྒྱལ་ས་ཐིམ་ཕུག་ནང་རྟེན་གཞི་བྱས་པའི་ཐང་སྟོང་བདེ་བ་ཅན་བཙུན་དགོན་དུ་ཕེབས་ནས་ཆོས་འབྲེལ་བཀའ་དྲིན་སྐབས། ༸གོང་མ་རིན་པོ་ཆེ་མཆོག་གི་ཨིན་སྐད་ཐོག་བཀའ་སློབ་སྩལ་བའི་ཁྲོད། གང་ཉིད་འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཁུལ་དེར་དགོན་སྡེ་ཁག་དང་མཆོད་རྟེན་སོགས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རང་བཞིན་ལྡན་པའི་སྦྱིན་རླབས་ཅན་རྣམས་མཇལ་རྒྱུ་ཡོད་པར་ཐུགས་དགྱེས་ཚོར་གཞན་དང་མ་འདྲ་བ་ཞིག་བྱུང་ཞེས་བཀའ་སྩལ་དང་འབྲེལ། ལྷག་པར་ཁ་སང་འབྲུག་ཆོས་ལྡན་ཞིང་གི་ཆོས་རྒྱལ་སྐུ་འཁོར་རྣམས་དང་མཇལ་འཕྲད་བྱུང་བར་ཁོང་རྣམས་ཐུགས་རྒྱུད་བཟང་པོ་ཡོད་སྐོར་བཀའ་སྩལ་ཏེ། མི་མང་རྣམས་ལ་དེང་དུས་དང་འཚམས་པའི་མཐུན་རྐྱེན་སྦྱོར་སྤྲོད་རྣམས་ཆོས་རྒྱལ་རྣམ་པའི་སྐུ་དྲིན་ལས་ཡིན་པ་བཀའ་སྩལ་མཛད་འདུག

མ་ཟད་མི་མང་རྣམས་ནས་རྒྱལ་པོའི་བཀའ་དྲིན་དྲན་དགོས་གལ་ཐོག སྐུ་ཚེ་ཡུན་རིང་དང་ཐུགས་དོན་གྲུབ་པའི་སྨོན་ལམ་འདེབས་དགོས་པའི་ལམ་སྟོན་དང་འབྲེལ། ཁྲི་ཆེན་མཆོག་གི་ངོས་ནས་ཀྱང་དེ་ལྟར་ཐུགས་སྨོན་མཚམས་སྦྱོར་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག

རྩ་བའི་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དེ་སྔོན་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཕྱི་ཟླ་ ༢ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་ཀ་སྦུག་ཏུ་ཆིབས་བསྒྱུར་མཛད་དེ་ཆོས་འབྲེལ་གྱི་མཛད་འཆར་དུ་མ་བསྐྱངས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༦ ཉིན་ཆོས་རྗེ་ས་པཎ་སྐུ་བལྟམས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། ཁུལ་དེར་གསར་བཞེངས་གྲུབ་པའི་ས་པཎ་མཐོ་སློབ་ཀྱི་ཚོགས་ཁང་དབུ་འབྱེད་མཛད་དེ། མཁན་པོའི་ཕྱག་འཁྱེར་གསོལ་སྩལ་མཛད་ཡོད་པ་རེད།

དེ་བཞིན་ཕྱི་ཟླ་ ༣ ཚེས་ ༩ ཉིན་ཀ་སྦུག་དང་རྡོ་རྗེ་གླིང་ཁུལ་གྱི་མི་མང་རྣམས་ལ་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༢༧ ནས་ཕྱི་ཟླ་ ༤ ཚེས་ ༧ བར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གཙོས་པའི་གནད་ཡོད་མི་སྣ་རྣམས་ལ་མཇལ་ཁ་སྩལ་ཡོད་པ་མ་ཟད། ས་གནས་མི་མང་རྣམ་ལ་ཆོས་འབྲེལ་བཀའ་དྲིན་རྒྱ་ཆེར་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།