Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་བོད་པའི་མང་གཙོའི་འཕེལ་རིམ་དང་ཐབས་བྱུས་སྐོར་གསུང་བཤད་གནང་བ། 

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ Washington DC ནང་དུ་གཞུང་འབྲེལ་འཚམས་གནང་བཞིན་པ་ལྟར་ཁ་སང་སྲིད་སྐྱོང་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་བཞིན་བོད་པའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་ཐབས་བྱུས་གསར་པ་ཞེས་པའི་བརྗོད་ཐོག་གསུང་བཤད་གནང་ཡོད།

སྐབས་དེའི་མཛད་རིམ་ཐོག་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Damon Wilson ལགས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Yang Jianli ལགས་གཙོས་རྒྱ་རིགས་དང་། རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན། འཐབ་རྩོད་པ་སོགས་གནད་ཡོད་མི་སྣ་མི་ཉུང་བ་ཞིག་ལྷན་ཞུགས་གནང་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་༸ཞབས་སོར་བདེ་བར་འཁོད་ནས་ལོ་གཅིག་ཙམ་ལས་མ་སོང་བའི་མཚམས་སུ་བཙན་བྱོལ་བོད་མིའི་ལས་དོན་ཚང་མ་མང་གཙོའི་ལམ་སྲོལ་ཐོག་ཕེབས་རྒྱུའི་སྲོལ་བཟང་གཏོད་གནང་མཛད་པ་སོགས་ངོ་སྤྲོད་དང་སྦྲགས། བར་སྐབས་ཤིག་ལ་བཙན་བྱོལ་བོད་མིའི་མང་གཙོའི་ལས་དོན་ཐོག་དཀའ་ངལ་ཁག་ཅིག་འཕྲད་ཡོད་ཀྱང་སྤྱི་ཡོངས་ནས་ལས་དོན་བྱེད་ཕྱོགས་ཁག་མང་གཙོ་ཚད་དང་ལྡན་པ་ཞིག་གི་ཐོག་ནས་ཕེབས་བཞིན་ཡོད་པ་གསུངས་འདུག 

དེ་བཞིན་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་ཏེ་ཞི་ཅིན་ཕིང་གི་དམིགས་ཡུལ་གཙོ་བོ་དེ་དབང་ཆ་ཚང་མ་གཅིག་བསྡུས་བྱེད་རྒྱུ་དེ་ཡིན་པ་དང་། འདས་པའི་ལོ་བཞི་ལྔའི་ནང་ལ་བོད་དང་ཧོང་ཀོང་། དེ་བཞིན་ཤིན་ཅང་། ནང་སོག་བཅས་ཀྱི་ནང་ལག་བསྟར་བྱས་པའི་དྲག་པོའི་སྲིད་བྱུས་ཁག་ནས་རྟོགས་ཐུབ་པར་འགྲེལ་བརྗོད་དང་སྦྲགས། དལྟའི་ཆར་ང་ཚོའི་ངོས་ནས་རེ་བ་དེ་ཙམ་མཐོང་གི་མེད་པ་དེ་ལྟར་ནའང་། བོད་ཀྱི་འཐབ་རྩོད་ཐོག་ལ་ མུ་མཐུད་ནས་འབད་བརྩོན་གནང་རྒྱུ་དང་། ད་ལྟའི་ཡུཀ་རེན་ནང་གི་ཆབ་སྲིད་གནས་སྟངས་དབང་གིས་ཡོང་རྒྱུའི་ཟླ་བ་གསུམ་ཙམ་གྱི་རྗེས་སུ་རྒྱ་ནག་གི་སྲིད་བྱུས་ངོ་མ་གང་ཡིན་གསལ་ཁ་ཞིག་ཡོང་ངེས་ཡིན་པས་ང་ཚོའི་ངོས་ནས་རེ་བ་ནམ་ཡང་དོར་ཐབས་མེད་ཅེས་གསུངས་ཡོད།

དེ་བཞིན་ད་ལྟའི་རྒྱ་ནག་གི་བྱེད་བབ་ཁག་ལ་ཨ་རིའི་ངོས་ནས་གདོང་ལེན་གནང་བཞིན་པ་མ་ཟད་ད་ཆ་ཡོ་རོབ་ཁུལ་ནས་ཀྱང་དེ་མཚུངས་ཀྱི་བསམ་བློ་གཏོང་མཁན་མང་དུ་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་སོགས་གསུངས་འདུག་ལ། ལྷག་པར་དུ་བོད་ཀྱི་གནད་དོན་དང་འབྲེལ་ནས་ད་ཆ་ང་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་རིན་པོ་ཆེའི་གནས་སྟངས་ཐོག་གསལ་ཁ་གང་ཡང་མེད་སྟབས། རིན་པོ་ཆེ་མཆོག་༸སྐུ་འཚོ་ཞུགས་ཡིན་མིན་གྱི་གནས་སྟངས་ཡང་ཤེས་ཀྱི་མེད་པ་སོགས་འགྲེལ་བརྗོད་གནང་སྟེ། རྒྱ་ནག་གཞུང་ནས་རིན་པོ་ཆེའི་གནད་དོན་བརྒྱུད་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་འཆར་ཡོད་ཀྱང་། ཆོས་དང་ཡང་སྲིད་ཀྱི་གནང་སྒོ་ཁག་ལ་ཡིད་ཆེས་མེད་མཁན་གྱི་རྒྱ་ནག་གཞུང་ལ་བོད་པའི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་གཞི་རྩའི་ཐོབ་ཐང་རྩ་བ་ཉིད་ནས་མེད་ཅེས་ནན་པོ་གསུངས་ཡོད།

དེ་བཞིན་སྐབས་དེར་ཚོགས་བཅར་བ་ཁག་ཅིག་ནས་སྲིད་སྐྱོང་མཆོག་གིས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོ་དང་མཉམ་ལས་གནང་འཆར་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་རྒྱུའི་རེ་བ་ཡོད་དམ་ཞེས་སོགས་ཀྱི་ བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་ལྟར་སྲིད་སྐྱོང་མཆོག་ནས་བོད་མི་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། དེ་བཞིིན་ཧོང་ཀོང་མང་གཙོའི་ལས་འགུལ་བ་སོགས་ཀྱི་འཐབ་རྩོད་ཀྱི་ངོ་བོ་ལ་ཕྲན་བུའི་མི་འདྲ་བའི་ཆ་འདྲ་ཡོད་ཀྱང་། ཁ་གཏད་གཅོག་ས་རྒྱ་ནག་གཞུང་ཡིན་པ་དེ་གཅིག་མཚུངས་ཡིན་པར་བརྟེན་ང་ཚོའི་ངོས་ནས་མཐུན་ཕྱོགས་ཀྱི་གནད་དོན་ཁག་གཞི་རྩར་བཟུང་སྟེ་རྒྱ་ནག་འདི་འགན་འཁུར་ལྡན་པ་ཞིག་བཟོ་རྒྱུ་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་མཛད་རིམ་ཐོག་མ་ཕེབས་པའི་གོང་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ Jan Lipavský མཆོག་དང་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་གཙོས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་ཡོངས་ཐོག་གྲོས་བསྡུར་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།