Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཐེངས་འདིའི་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་མཐའ་མ་དེ་ཧྥ་རན་སིར་གནང་བཞིན་ཡོད་པ་དང་། ཁུལ་དེར་གནད་ཡོད་མི་སྣ་མཇལ་འཕྲད་མཚོན་པའི་ཉིན་གསུམ་གྱི་མཛད་འཆར་སྐྱོང་བཞིན་ཡོད་པ་རེད་འདུག

དེ་ཡང་སྲིད་སྐྱོང་མཆོག་ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཛུ་རིག་ནས་ཧྥན་རན་སི་རྒྱལ་ས་པེ་རིས་ནང་ཕེབས་འབྱོར་བྱུང་མ་ཐག་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Jacqueline Eustache Brinio ལགས་ཀྱིས་དབུས་པའི་གྲོས་ཚོགས་གོང་མའི་འཐུས་མི་ ༦ དང་ལས་བྱེད་ཁག་གཅིག་བཅས་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་དོན་གཅོད་རིག་འཛིན་དགེ་ཁང་ལགས་དང་། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས།  པེ་རིས་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་བཅས་ལྷན་ཞུགས་གནང་འདུག

དེ་བཞིན་ཁ་སང་ཧྥ་རན་སི་བོད་རིགས་ཚོགས་པས་སྲིད་སྐྱོང་མཆོག་གིས་དབུས་པའི་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ André Gattolin ལགས་གདན་ཞུས་ཀྱིས་ཉེ་ལམ་ཁོང་ལ་ཧྥ་རན་སི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་པར་འཚམས་འདྲི་དང་སྦྲགས། ད་བར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་གནང་འདུག

Communauté Tibétaine de France

ལྷག་དོན་སྲིད་སྐྱོང་མཆོག་དེ་རིང་སྔ་དྲོ་ཡུལ་དེའི་ Le Monde ཞེས་པའི་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་གསར་ཁང་གི་གསར་འགོད་པ་དང་མཇལ་འཕྲད་ཀྱིས་བཅར་འདྲི་དང་ལེན་དང་། དེ་ནས་ Institut National des Langues et Civilisations Orientales ཤེས་ཡོན་བསྟི་གནས་ཁང་དུ་ཆེད་ཕེབས་ཀྱིས་གཙུག་ལག་སློབ་ཁང་གི་གཙོ་འཛིན་དང་མཇལ་འཕྲད་བརྒྱུད་སློབ་མ་རྣམས་ལ་བོད་དོན་གསུང་བཤད་ཀྱི་ལས་རིམ་ཁག་གཅིག་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་དོན་གཅོད་རིག་འཛིན་དགེ་ཁང་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧྥ་རན་སི་ནང་ཉིན་གསུམ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཡུལ་དེའི་གཞུང་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། དེ་བཞིན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་དུ་མཇལ་མོལ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་གཙོས་པའི་གལ་ཆེའི་གནད་དོན་ཁག་ཅིག་དང་། མ་འོངས་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་གི་ཡོད་ཅིང་། དེ་བཞན་སྲིད་སྐྱོང་མཆོག་ཡུལ་དེའི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གིས་རྒྱལ་སྤྱིའི་འབྲེལ་ལམ་ཐོག་སློབ་གཉེར་གནང་མཁན་གྱི་སློབ་མ་རྣམས་ལ་བོད་དོན་ངོ་སྤྲོད་མཚོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་ལ་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེའི་དམིགས་འབེན་གཙོ་བོ་ནི་མ་འོངས་པར་སློབ་མ་དེ་དག་རིམ་པའི་ཡུལ་དེའི་ཕྱི་སྲིད་ལས་དོན་ནང་ཐུགས་འགན་བཞེས་མཁན་ཆགས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།

བོད་མིའི་སྒྲིག་འཛུགས།

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་ཧྥ་རན་སིར་ཕེབས་འབྱོར་མ་བྱུང་གོང་འདི་ཚེས་ ༡༡ ཉིན་ཨི་ཊ་ལི་དང་ཨོ་སི་ཊི་ཡའི་བཅས་ནུབ་ཡུ་རོབ་ཁུལ་གྱི་མཛད་འཆར་ཁག་གྲུབ་ནས་སུད་སི་ནང་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ཨར་གྷའུ་བོད་རིགས་ཚོགས་པའི་གཟའ་མཇུག་བོད་ཡིག་སློབ་གྲྭར་འཚམས་གཟིགས་ཀྱིས་བོད་ཕྲུག་རྣམས་ནས་འགན་ཁུར་ཡོད་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་ལྟར། ས་གནས་བོད་མི་རྣམས་ནས་རང་འགན་རང་འཁུར་གྱིས་བོད་རིགས་གཞོན་ནུ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁྲིད་གནང་བར་བསྔགས་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས།

མ་ཟད་ཁུལ་དེའི་ Zurich གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ Tibetan Youth Association in Europe དང་། མཐོ་རིམ་སློབ་མའི་བོད་དོན་འབྲེལ་དྲ་ Student Network Tibet གཉིས་ཀྱི་གོ་སྒྲིག་འོག་བོད་རིགས་གཞོན་སྐྱེས་ཐུགས་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བོད་དོན་འཐབ་རྩོད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་། ལྷག་པར་བོད་རིགས་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་སུད་སི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་ཀྱིས་གོ་སྒྲིག་ཞུས་པའི་གཞོན་སྐྱེས་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་དོན་འཐབ་རྩོད་དང་། གཞོན་སྐྱེས་ཀྱི་ལས་འགན་སྐོར་གསུང་བཤད་གནང་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས།

ལྷག་པར་དུ་འདི་ཚེས་ ༡༣ ཉིན་སུད་སི་ནང་བོད་མའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པའི་གཏན་འཇགས་འཐབ་ཇུས་འཆར་འགོད་ཚོགས་ཆུད་གི་ཚོགས་འདུ་ཐེངས་ ༦ པར་གཙོ་བཞུགས་གནང་ཡོད་པ་དང་འབྲེལ། ཚོགས་འདུའི་བར་སེང་སྐབས་སྲིད་སྐྱོང་མཆོག་གིས་དབུས་པའི་ཚོགས་བཅར་བ་རྣམས་ནས་ཛུ་རིག་གི་གཞུང་དོན་ལྷན་ཚོགས Government Council of Zurich ཀྱི་བདེ་སྲུང་བློན་ཆེན་ Mario Fehr ལགས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།