སྲིད་སྐྱོང་།
སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་གྲོང་ཁྱེར་ཧེག་ནང་སྐོང་འཚོགས་གནང་བའི་ IPAC འམ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་དང་འབྲེལ། ལྷན་ཚོགས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་སྐྱོང་དང་། ལྷག་པར་རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་དེ་འབྲེལ་མཉམ་ལས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག
གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ནང་གི་འཚམས་གཟིགས་དང་འབྲེལ། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནི་དར་ལེནྜ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གཞུང་འབྲེལ་ཡི་གེ་ཞིག་གཏོང་བའི་བརྒྱུད། གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་དེ་འབྲེལ་ཕྱིའི་ཐེ་བྱུས་རིགས་ལ་རྒྱ་ནག་གཞུང་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག་པར། སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་གཞུང་གི་བྱེད་བབ་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། དེ་ནི་རྒྱ་ནག་གིས་བོད་དེ་བཞིན་འཆར་གཞི་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཁ་བྲལ་གཏང་རྒྱུར་དམིགས་པའི་ཐབས་ཤེས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་སུ་དང་མཇལ་འཕྲད་གནང་དགོས་མིན་ཐད་རྒྱ་གཞུང་ལ་དབང་ཆ་མེད་སྐོར་དང་ཆབས་ཅིག །འདི་ལྟ་བུའི་ཐེ་གཏོགས་བྱས་པ་ནི་ཧ་ཅང་གི་ཉེས་སྤྱོད་ཚབས་ཆེན་ཞིག་ཡིན་པ་སོགས་ཀྱི་མཆན་སྐྱོན་བཞིན་འདུག
ད་དུང་ཁག་གཅིག་གིས་རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད་ནི་དར་ལེནྜ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བར་དགའ་བསུའི་མཚམས་འདྲི་ཡང་ཞུ་བཞིན་འདུག
དེ་དོན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད། ཁ་སང་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) དུ་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་གླིང་ཆེན་དྲུག་གི་རྒྱལ་ཁབ་ ༣༠ ནས་གྲོས་ཚོགས་འཐུས་མི་ ༥༢ མཉམ་ཞུགས་ཀྱིས་གཙོ་བོ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐང་རྡོག་རོལ་གཙོས་མང་གཙོ་དང་བདེ་འཇགས། རང་དབང་། དེ་བཞིན་གོ་ལའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་རང་སྣང་གང་དྲན་གྱིས་བསྒྱུར་བ་གཏོང་བཞིན་པའི་གནད་དོན་དག་གོ་བསྡུར་གྱིས། དེ་འབྲེལ་མཉམ་ལས་ཐོག་རྒྱ་གཞུང་ལ་གདོང་ལེན་ཇི་བྱས་ཐོག་བསམ་ཚུལ་བརྗེ་ལེན་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཐོག་ནས་རྒྱལ་སྤྱིའི་ནང་ཉེན་ཁ་འདྲ་མིན་བཟོས་དང་བཟོ་བཞིན་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་བྱུས་ཐོག་བགྲོ་གླེང་གནང་ཡོད་འདུག
སྐབས་དེར་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་བའི་ཁྲོད། གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་དེ་བཞིན་རྒྱ་གཞུང་གི་འཁྱོག་བཤད་ལ་མི་བརྟེན་པར་ཁུང་ལུང་ལྡན་པའི་ལོ་རྒྱུས་ཡིག་ཆ་དང་ཁྲིམས་ལུགས་ཀྱི་ལྟ་ཚུལ་ཐོག་ནས་གཟིགས་གལ་ཆེ་བའི་ཐོག །བོད་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབ་ཐོག་ཡིད་རྟོན་རུང་བའི་གོ་རྟོགས་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཙམ་མ་ཟད། རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་ནུས་པ་མཉམ་སྤུངས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག
མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་འདི་ཉིད་ཚོད་འཛིན་བྱེད་ཐབས་བྱེད་བཞིན་པར་ཐུགས་འཚབ་གསལ་སྟོན་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་ཐེ་བྱུས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། དེ་འབྲེལ་དེ་སྔ་ཨ་རི་གཞུང་དང་། ཨིན་ཡུལ། འཇར་མ་ནི། ཧྥ་རན་སི། ནི་དར་ལེཎྜ། ཨཱ་ཨིས་ལེནྜ། ལི་ཐུ་ནི་ཡཱ། ཨི་སི་ཏོ་ནི་ཡ་བཅས་ཚུད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་དྲུག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཐོབ་ཐང་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ངོ་རྒོལ་བྱེད་པའི་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག
དེ་བཞིན་རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད། ད་ལྟའི་ཆར་བོད་ལྟ་བུར་མཚོན་ན་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་མངོན་གསལ་དང་འབྲེལ། རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཁྲོད་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་སོགས་ཀྱི་འཛུགས་བསྐྱུན་ལས་གཞི་རྒྱ་ཆེ་སྤེལ་བ་དག་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་གནས་སྟངས་ལ་བསྒྱུར་བ་གཏོང་ཉེན་ཡིན་པའི་དེ་འབྲེལ་ཡིད་གཟབ་གནང་དགོས་གལ་དང་ཆབས་ཅིག །འདི་ལྟ་བུའི་ལས་གཞི་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག
གཞི་རྩའི་སྲིད་སྐྱོང་མཆོག་གི་ཚོགས་འདུའི་ཞོར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ (Jan Paternotte) ལགས་གཙོས་པའི་པ་ན་མ་དང་། ཉི་འོང་། ཐེ་ཝན། ཨིན་ཡུལ། ཪོ་མ་ནི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཙམ་མ་ཟད། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ནང་གི་གཞུང་འབྲེལ་འཚམས་གཟིགས་འགོ་འཛུགས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱལ་ས་ལྡི་ལི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་ནས་ཁ་སང་ནི་དར་ལེནྜ་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁུལ་དེའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་གཙོ་བོ་གྲོང་ཁྱེར་ Hague ནང་དུ་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་ ༦ པའི་ཐོག་གདན་ཞུ་ཕུལ་བ་ལྟར་ལྷན་ཞུགས་གནང་གི་ཡོད་པ་རེད།
དེ་ཡང་ཁ་སང་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་ནི་དར་ལེནྜ་ཀྱི་ཤེ་ཕོལ་ (Schiphol) གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་དང་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། དེ་ཉིན་སྲིད་སྐྱོང་མཆོག་གིས་ AP གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་རྒན་པ་དང་། La Libre Belgique གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བའི་ཁྲོད། བོད་དོན་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གླེང་སློང་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་བཞིན་ཡིད་རྟོན་རུང་བ་དང་ཁྲིམས་མཐུན་གྱི་ལྟ་སྟངས་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་ཡིན་པར་ནན་བརྗོད་དང་འབྲེལ། སློབ་དཔོན་ལའོ་ལགས་ཀྱིས་ཨིན་ཡིག་ཐོག་འདོན་སྤེལ་གནང་བའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དེ་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་ Michael van Walt ལགས་ཀྱིས་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་ངོ་སྤྲོད་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་མ་ཡིན་པ་ར་སྤྲོད་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉིན་གྲངས་ཁ་ཤས་རིང་ནི་དར་ལེནྜ་ནང་གི་འཚམས་གཟིགས་དེའི་ཁྲོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (IPAC) ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་ལྷན་ཞུགས་ཀྱིས་གསུང་བཤད་དང་། ཌཆ་གཞུང་གི་ལས་བྱེད་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད། དེ་བཞིན་རྒྱལ་སྤྱི་དང་ཌཆ་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།
ད་རེས་ནི་དར་ལེནྜ་ནང་གི་འཚམས་གཟིགས་འདི་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བསྐྱར་དུ་སྲིད་སྐྱོང་དུ་འདེམས་ཐོན་རྗེས་ས་གནས་སུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་འདི་ནི་གཙོ་བོ་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་དོ་སྣང་བསྐྱར་གསོ་དང་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ནི་དར་ལེནྜ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་རྗེས་སྲིད་སྐྱོང་མཆོག་ཟླ་ ༡༢ ཚེས་ ༢༠ བར་ཨ་རི་དང་ཁེ་ན་ཌ། སྦེལ་ཀོབ་བཅས་སུ་ཕྱོགས་ཕེབས་གནང་གཏན་ཁལེ་ཡོད།
སྲིད་སྐྱོང་མཆོག་ནས་འཇར་མན་གྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་མཚམས། འཇར་མན་དུ་ཕེབས་ཐོན་དང་འབྲེལ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་འཇར་མན་གྱི་ KAS ཐེབས་རྩ་ཁང་གི་མཐོ་རིམ་འགོ་ཁྲིད་བཅས་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༡༥ ཉིན་འཇར་མ་ནིའི་རྒྱལ་ས་སྦར་ལིན་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་ཉིན་མཐའ་མར་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་དམིགས་བསལ་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མིའི་ཁོངས་སུ་འབུམ་རམས་པ་ Dr.Carolin Wagner ལགས་དང་ David Gregosz ལགས་བཅས་དང་། དེ་བཞིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུའི་ཐོག་སྲིད་སྐྱོང་མཆོག་གིས་འཇར་མན་གཞུང་མང་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་། དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གྲོས་ཚོགས་ཀྱི་སྔ་དྲོའི་ལས་རིམ་ཐོག་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་དུ་དྲག་རྒོལ་བྱུང་བའི་གནད་དོན་སྐོར་གླེང་སློང་གནང་བ་དང་འབྲེལ། དོན་རྐྱེན་དེའི་འོག་དོན་ཁང་གི་ཁང་མིག་གཉིས་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་དང་། སྐབས་དེར་སྐུ་ཚབ་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་སྒེའུ་ཁུངས་ནས་ཕྱིར་ཐོན་ཐུབ་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་མེད་ཀྱང་། དེ་ལྟ་བུའི་དྲག་རྒོལ་ནི་ཉེ་བའི་ཟླ་བ་ཁ་ཤས་ནང་ཐེངས་གཉིས་པ་ཡིན་པ་གསལ་སྟོན་གནང་སྟེ། འདི་ནི་རྐུན་མ་དང་འཕྲོག་བཅོམ་གྱི་དོན་རྐྱེན་ཙམ་ཞིག་མ་ཡིན་པར་འཇིགས་སྐུལ་དང་གཏོར་བཤིག་གཏང་དགོས་བསམ་པའི་བྱ་སྤྱོད་ཅིག་ཡིན་པ་ནན་བརྗོད་ཀྱིས། ཡུ་རོབ་རྒྱལ་ཁབ་དང་ལྷོ་ཨ་ཕི་རི་ཀར་རྟེན་གཞི་བྱས་པའི་ཕྱི་འབྲེལ་གཞུང་ཚབ་ཁང་ནས་གནད་དོན་དེར་ཐུགས་འཚབ་ཡོད་པ་གསལ་བསྒྲགས་དང་། འབྲེལ་ཡོད་འཛིན་སྐྱོང་ནས་ཞིབ་འཇུག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་སྐབས་སྐུ་ཚབ་དོན་ཁང་གི་བདེ་འཇགས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཞབས་པུས་གཤག་བཅོས་ལེགས་གྲུབ་རྗེས་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ཐོག་ཉིན་ལྟར་དམངས་ལ་མཇལ་ཁ་སྩལ་བཞིན་པའི་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེར་ཁ་གཡར་ཏེ་བཙན་གནོན་གྱིས་མི་རིགས་བསྲེས་སྒྱུར་བྱེད་བཞིན་པ་དང་། གཞན་ཡང་རྒྱ་ནག་གིས་བོད་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་བྱས་པའི་བརྒྱུད་བོད་མཐོ་སྒང་གི་ཁོར་ཡུག་དང་། རྒྱལ་ཁབ་གཞན་གྱི་ཆུའི་བདེ་འཇགས་ལ་གནོད་སྐྱོན་འཕྲད་བཞིན་པར་སེམས་འཚབ་བསྟན་པ་དང་ཆབས་ཅིག །བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གྱིས། འཇར་མན་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་དགོས་པའི་འབོད་སྐུལ་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ལ་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་འབོད་གནང་འདུག
ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་དང་ལྷན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་སྲིད་སྐྱོང་མཆོག་ནས་འཇར་མན་གྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་མོལ་ཁྲོད་བཀའ་མོལ་གཞན་གང་བྱུང་མིན་ཐད་བཀའ་འདྲི་ཞུས་ཡོད།
ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ Konrad-Adenauer-Stiftung (KAS) ཞེས་པའི་ལས་ཁུངས་སུ་ཆེད་ཕེབས་དང་འབྲེལ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ Konrad-Adenauer-Stiftung གྱི་འགན་འཛིན་ཟུར་པ་འབུམ་རམས་པ་ (Dr. Hans-Gert Pöttering) ལགས་དང་མཇལ་འཕྲད་ཀྱིས་ཐབས་བྱུས་ཐོག་གྲོས་བསྡུར་གནང་ཞིང་། སྐབས་དེར་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག་དང་། ཡུ་རོབ་ཀྱི་ཕྱི་འབྲེལ་སྲིད་བྱུས། གླེང་སྟེགས་འདྲ་མིན་ཐོག་མཉམ་འབྲེལ་གྱི་བོད་དོན་ཞུ་གཏུག་རྒྱ་ཆེར་གཏོང་རྒྱུ་བཅས་ཀྱི་ཐོག་གླེང་སློང་གནང་ཡོད།
མ་ཟད་སྲིད་སྐྱོང་མཆོག་གིས་བཙན་བྱོལ་དུ་བོད་མིའི་མི་འབོར་འགྱུར་ལྡོག་གི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མང་གཙོའི་སྙིང་སྟོབས་བཅས་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་ལ་ནན་བརྗོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་ཁག་གཅིག་སྟེ། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་ཏུ་གཟའ་མཇུག་སློབ་གྲྭ་ ༩༠ ལྷག་ཡོད་སྐོར་གསལ་སྟོན་གནང་སྟེ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་མ་འོངས་འགོ་ཁྲིད་གསོ་སྐྱོང་སླད་ Konrad-Adenauer-Stiftung དང་ཡུ་རོབ་མཐུན་གྲོགས་ནས་རྒྱུན་མཐུད་བསམ་བློའི་རྒྱབ་སྐྱོར་དང་། ཤེས་ཡོན་གྱི་རྒྱབ་སྐྱོར། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འཇར་མན་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་མ་གནང་གོང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཐོག་མཉམ་ཞུགས་གནང་བ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་དང་། ཕྱི་འབྲེལ་མི་སྣ། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་བཅས་མཇལ་མོལ་གནང་བ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་ཁང་ཆེ་ཤོས་གྲས་དང་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་ལེ་ཚན་ཐོག་ཕེབས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་བཅས་ཀྱི་སྐོར་གོ་རྟོགས་སྤེལ་བ་དང་། དེ་བཞིན་ Prague Congress Centre བསྟི་གནས་ཁང་དུ་ Mozambic རྒྱལ་ཡོངས་འགོག་ཤུགས་ཀྱི་འགོ་ཁྲིད་གཞོན་པ་དང་ Mozambic སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སོགས་དང་གྲོས་མོལ་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་སྡེ་ཚན་གྱི་འགན་འཛིན་དང་ལྷན་བོད་མིའི་ཆོས་དད་རང་དབང་ཐོག་འཛམ་གླིང་མཉམ་ལས་ཀྱི་འབད་བརྩོན་དང་འབྲེལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་པའི་སྐོར་གསལ་སྟོན་དང་སྦྲགས། ཚོགས་མི་ ༣༨ ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཡང་ན་ཡིད་ཆེས་མཐུན་ཚོགས་ (International Religious Freedom or Belief Alliance) དང་། ཡུ་རོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་བཏོན་གནང་བ་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དེ་བོད་མིར་ཡོད་པ་དང་། རྒྱ་ནག་གི་དེར་ཐེ་བྱུས་བྱེད་པར་ངོ་རྒོལ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག
སུད་སི་བོད་རིགས་མང་ཚོགས་ལ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སུད་སིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། བོད་རིགས་མང་ཚོགས་ལ་བཀའ་ཤག་གི་ལངས་ཕྱོགས་ཐད་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་དཔེ་དེབ་སྐོར་ངོ་སྤྲོད་དང་དབུ་མའི་ལམ་གྱི་ནང་དོན་བཤད་པར་རྒྱལ་སྤྱིའི་ཆབ་སྲིད་ཐོག་ཤེས་རྟོགས་དགོས་པར་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག
https://youtu.be/tDauM3PZ2R0?si=3px2jvFkqVVutim0
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཟའ་འཁོར་སྔོན་མའི་ནང་། སུད་སི་དང་ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་དང་འབྲེལ། འདི་ཚེས་ ༡༠ ཉིན་ཛུ་རིག་གི་ Marriott གསོལ་མགྲོན་ཁང་དུ་བོད་རིགས་མང་ཚགས་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༧ པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་ཞི་འགྲིག་ཡོང་ཐབས་གནང་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་གོང་འཕེལ་གཏོང་རྒྱུ་བཅས་གཙོ་བོར་གྱུར་པའི་གནད་དོན་གལ་ཆེན་ཁག་གསལ་སྟོན་གནང་འདུག
དེ་བཞིན་བཀའ་ཤག་གིས་བཅོས་མའི་རིག་རྩལ་དང་མཉམ་འབྲེལ་གྱིས་དེང་དུས་འཕྲུལ་རིག་གཞུང་འཛིན་ལམ་ལུགས་སུ་བསྒྱུར་བའི་ལས་གཞི་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གྱི་བརྒྱུད་རིམ་ཁག་སྟབས་བདེ་རུ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གསུང་བཤད་གནང་བ་དང་། དམིགས་བསལ་བཙན་བྱོལ་བོད་མི་རྣམས་ནས་གཏམ་བརྗོད་རང་དབང་ལོངས་སྤྱོད་དང་སྦྲགས་སྤྱི་ཚོགས་དཀྲུག་གཞིའི་བྱ་འགུལ་རིགས་ནམ་ཡང་རྒྱུད་སྤེལ་གནང་རྒྱུ་མེད་པ་མ་ཟད། ༸གང་ཉིད་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་མི་ཡོང་བའི་སླད་འབད་བརྩོན་གནང་རྒྱུ་ནི་ཧ་ཅང་གི་གལ་གནད་ཆགས་ཡོད་པའི་གཞེན་སྐུལ་གནང་རྗེས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐོག་བཅར་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
མ་ཟད་སྲིད་སྐྱོང་གིས་དེ་ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་དང་འབྲེལ་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་མ་འོངས་མཉམ་ལས་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་ཕྱི་ཚེས་ ༩ ཉིན་སུད་སིའི་ཁེ་ལས་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་སུད་སི་གྲོང་ཁྱེར་སྦར་སིལ་དུ་གསར་འཛུགས་གནང་བའི་སྒེར་གཉེར་བོད་ཀྱི་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཡོད་འདུག
གཞན་ཡང་ཕྱི་ཚེས་ ༨ ཉིན་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་སྲིད་སྐྱོང་མཆོག་གིས་སུད་སི་དང་དེའི་ཉེ་འཁོར་དུ་གནས་སྡོད་བོད་པའི་གཞོན་སྐྱེས་དང་སློབ་ཕྲུག་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གསོན་གནས་ཆེད་ད་ལྟ་འགྲོ་བཞིན་པའི་སྤྱི་ཚོགས་བདེ་དོན་དང་། ཤེས་ཡོན། གྲངས་འཛིན་ལས་གཞི་ཁག་གི་སྐོར་གསལ་སྟོན་གནང་བ་མ་ཟད། ཁོང་གིས་རྒྱ་ནག་གི་དཔལ་འབྱོར་རྒྱ་སྐྱེད་དང་། དེས་རྒྱལ་སྤྱིའི་ཁྲོམ་རར་ཐབས་བྱུས་ཀྱི་ཤུགས་རྐྱེན་བཅས་མངོན་གསལ་གྱིས་གཞོན་སྐྱེས་ཚོར་རྒྱལ་སྤྱིའི་འགྱུར་འགྲོས་དེ་དག་གི་གནས་ཚུལ་རྒྱུས་མངའ་དང་། དོགས་ཟོན་དགོས་པའི་ནན་སྐུལ་གནང་འདུག
སུད་སིའི་མཛད་རིམ་གྲུབ་མཚམས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ གླེང་སྟེགས་ ༢༠༠༠ གི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་ཞུགས་གནང་རྒྱུ་དང་། དེ་རྗེས་འཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།
གཞི་རྩའི་ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཡུ་རོབ་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ལས་འགུལ་ཚོགས་པ། ཡུ་རོབ་ཀྱི་འབྲེལ་ཆགས་མི་སྣ་བཅས་ལ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཆེད་ཡིན་འདུག
ཨ་རིའི་སྲིད་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་སྲིད་གཞུང་ནས་ད་དབར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་དང་། སླད་མར་ཡང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༥ ནས་ ༢༠ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཡུ་རོབ་ཁུལ་ཛུ་རིག ཅེཀ་སྤྱི་མཐུན་རྒྱལ་ཁབ། འཇར་མ་ནི་བཅས་སུ་ཚོགས་འདུ་དང་གནད་ཡོད་མི་སྣ་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས WION གསར་ཁང་གི་བཅར་འདྲིར་དང་ལེན་གནང་བའི་ཁྲོད། ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག
རྩ་བའི་དེ་སྔོན་ཕྱི་ཟླ་ ༨ པའི་ནང་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལ་དྭགས་སུ་བསྐྱོད་ཡོད་པ་དང་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་མཇལ་འཕྲད་བྱུང་ཐུབ་མེད་པའི་གནས་ཚུལ་མི་ཉུང་བ་ཞིག་ཐོན་པ་དང་འབྲེལ་ནས་བཅར་འདྲིར་གནང་བ་ཞིག་ཡིན་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་རྩ་བའི་ཨ་རིའི་གཞུང་ཚབ་པ་ Sergio Gor མཆོག་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་བྱུང་ཡོད་པ་དང་། འདི་ལོར་ཕྱི་ཟླ་ ༨ པའི་ནང་ཁོངསྐུ་ཉིད་ལ་དྭགས་སུ་བསྐྱོད་པ་དང་མཉམ་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་འཆར་གཞི་བང་སྒྲིག་ཡོད་ཀྱང་དོན་དངོས་སུ་མཇལ་འཕྲད་བྱུང་ཐུབ་མེད་པ་དང་། དེའི་གནད་དོན་ཞིབ་ཕྲ་ཤེས་ཀྱི་མེད་ཀྱང་། མཇལ་འཕྲད་གནང་ཐུབ་མེད་པའི་རྒྱུ་མཚན་དེ་རྒྱ་ནག་དང་རྩ་བ་ནས་འབྲེལ་བ་མེད་ཅེས་ནན་བརྗོད་གནང་འདུག
མ་ཟད་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་ཨ་རི་གཉིས་དབར་འབྲེལ་བ་ཡག་པོ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་ཡོད་པ་དང་ཕྱི་སྲིད་བློན་ཆེན་ Rubio མཆོག་ནས་ཀྱང་དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། རྗེས་སུ་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་སྐབས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་་གླེང་སློང་གནང་ཡོད་པ་གསལ་སྟོན་གནང་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཟླ་ ༩ ཚེས་ ༣༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་གནད་དོན་དང་བོད་རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་གསར་ཁང་གཞན་ཞིག་ལ་བཅར་འདྲི་གནང་བའི་ཁྲོད། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་མ་ཟད། ལྷག་པར་འདས་པའི་ལོའི་ནང་མི་རིགས་རྩ་གཏོར་གྱི་བྱ་འགུལ་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་མེད་གཏོང་ཉེན་ཡིན་པ་གསུངས་འདུག
གཞི་རྩའི་དེ་རིང་ཞོགས་པ་སྲིད་སྐྱོང་མཆོག་སུད་སིའི་ Zurich ནང་ཕེབས་འབྱོར་བྱུང་ཡོད་པ་དང་འབྲེལ། སུད་སིར་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཕྱི་ཚེས་ ༡༠ ཉིན་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། སུད་སི་མཛད་རིམ་གྲུབ་མཚམས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ གླེང་སྟེགས་ ༢༠༠༠ གི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་བཞུགས་གནང་རྒྱུ་དང་། དེ་རྗེས་འཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་གཅིག་དང་མཇལ་འཕྲད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ཕྱི་ཟླ་ ༨ ཚེས་ ༢༣ ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི Lila Palace མགྲོན་ཁང་ནང་དུ་རྒྱ་གར་ནུབ་བྷང་གཱལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་གསར་པ་ Dr. Swapan Dasgupta མཆོག་ལ་ཆེ་བསྟོད་ཀྱིས་གསོལ་སྟོན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་དང་འབྲེལ་འཚམས་འདྲི་མཛད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་ནས་རྒྱ་གར་དབུས་གཞུང་གིས་དཔལ་འབྱོར་བློན་ཆེན་ Smt. Nirmala Sitharaman མཆོག་དང་། དབུས་གཞུང་གིས་རྡོ་སྣུམ་བློན་ཆེན་ Shri Hardeep Singh Puri མཆོག་དབུས་པའི་གནད་ཡོད་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་གནང་འདུག
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ནས་ནུབ་བྷང་གཱལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་གྱི་ལས་འཁུར་བཞེས་མཁན་ Dr. Swapan Dasgupta མཆོག་ནི་རྒྱ་གར་གྱི་གསར་འགོད་པ་དང་ཆབ་སྲིད་ཀྱི་དཔྱད་ཞིབ་པ་གྲགས་ཅན་ཞིག་ཡིན་ཞིང་། Padma Bhushan ཞེས་པའི་ཆེས་མཐོའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ཡང་གནང་མྱོང་མཁན་ཞིག་ཡིན་པ་དང་། རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་འདུག
ཁ་སང་ཕྱི་དྲོ་སྲིད་སྐྱོང་མཆོག་དང་ལྷན་དུ་ Dr. Dasgupta མཆོག་ལ་དགའ་བསུའི་གསོལ་སྟོན་ཐོག་ཆེད་བཅར་ཞུ་མཁན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་གསུང་བ་ལྟར་ན། སྲིད་སྐྱོང་མཆོག་གིས་མཛད་སྒོའི་ཐོག་སྐུ་ཞབས་ Dasgupta མཆོག་ལ་འཚམས་འདྲིའི་གསུང་བཤད་གནང་བ་མ་ཟད། ཕན་ཚུན་གཉིས་སྨན་དང་འབྲེལ་བའི་གནད་དོན་ཐོག་མུ་མཐུད་འབྲེལ་མོལ་དང་མཉམ་ལས་བྱ་རྒྱུའི་གལ་ཆེན་རང་བཞིན་ནན་བཤད་གནང་བ་མ་ཟད། གཞན་ཡང་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་དང་། རྡོ་སྣུམ་བློན་ཆེན་སོགས་ཀྱི་གནད་ཡོད་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་ཞུས་འདུག འདི་ག་རླུང་འཕྲིན་ཁང་གིས་རྒྱ་གར་རྒྱལ་ས་ལྡིའི་གསར་འགོད་པ་དཔའ་ཆེན་རྡོ་རྗེ་ལགས་ཀྱིས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་མཆོག་ལ་ཞལ་པར་བརྒྱུད་དེ་འབྲེལ་བཀའ་དྲི་ཞུས་ཡོད།
སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ད་དུང་གསུང་བ་་ལྟར་ན། སྲིད་སྐྱོང་མཆོག་གིས་དེ་རིང་ལྡི་ལིའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ Dr. Eliska Zigova མཆོག་གི་ལས་ཡུན་མཇུག་བསྒྲིལ་བའི་དུས་སྐབས་དང་བསྟུན་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་ལྕམ་སྐུ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད་འདུག
ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་སུ། ཁོང་རྣམ་གཉིས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་མུ་མཐུད་དུ་སྤེལ་བཞིན་པའི་རྒྱ་བསྒྱུར་སྲིད་བྱུས་དང་། ལྷག་པར་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། དེ་བཞིན་འཛམ་གླིང་གི་དབང་ཆའི་སྙོམ་སྒྲིག་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་བ་མ་ཟད། སྲིིད་སྐྱོང་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ཞི་བའི་གྲོས་མོལ་སྒོ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་ཐབས་གནང་བཞིན་པར་ཆོད་སེམས་བརྟནཔོ་ཡོད་པ་བསྐྱར་ནན་གནང་འདུག
རྒྱ་ནག་གི་ཆབ་སྲིད་ཅུས་ཀྱི་དཔོན་རིགས་ Ma Xingrui ལྐོག་ཟས་ཀྱི་གནད་དོན་འོག་ཕྱིར་འབུད།
ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ཆབ་སྲིད་ཅུས་ཀྱི་དཔོན་རིགས་ Ma Xingrui ལྐོག་ཟས་ཀྱི་གནད་དོན་འོག་ཕྱིར་འབུད་བཏང་ཡོད་པ་བརྗོད་འདུག
Ma Xingrui ནི་རྒྱ་ནག་གི་མཁའ་དབྱིངས་འཕྲུལ་ལས་མཁས་པ་ཞིག་དང་འབྲེལ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ ༢༤ ལས་གྲུབ་པའི་ཆབ་སྲིད་ཀྱི་ཚོགས་མིའི་གནས་རིམ་ལ་སླེབས་པའི་དཔོན་རིགས་མཐོ་ཤོས་གྲས་ཤིག་ཡིན་པ་དང་། ཁོ་པ་ཕྱི་ལོ་ ༡༩༥༩ ལོར་ Heilongjiang ཞིང་ཆེན་ཁུལ་དུ་སྐྱེས་ཤིང་། དེ་སྔ་རྒྱ་ནག་གི་ Aerospace འམ་མཁའ་དབྱིངས་འཕྲུལ་རིག་སྡེ་ཚན་གྱི་ལས་བྱེད་པ་གཙོ་གྲས་ཤིག་རེད་འདུག ཁོ་པ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་ Guangdong ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་བྱས་མྱོང་ཡོད་པ་དང་། ༢༠༡༥ ནས་ ༢༠༡༦ བར་ Shenzen གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ། ༢༠༡༦ ནས་ ༢༠༢༡ བར་ Guangdong ཞིང་ཆེན་སྤྱི་ཁྱབ་དང་། ༢༠༢༡ ནས་ ༢༠༢༥ བར་ Chen Quanguo གྱི་རྗེས་སུ་ཤིན་ཅང་གི་དམར་ཤོག་ཚོགས་པའི་ལས་གནས་ཐོག་ལས་ཀ་བྱས་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་མིར་བསྐོ་བཞག་བྱུང་ཡང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཁོ་པར་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་རྒྱལ་ཡོངས་སྒྲིག་ཁྲིམས་འགལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་པའི་གསལ་བསྒྲགས་སྤེལ་འདུག Miao Hua དང་ He Weidong གི་རྗེས་སུ་ Ma Xingrui རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་དཔོན་རིགས་ ༢༤ ཁོངས་ནས་ཞིབ་བཤེར་ཕྱིར་འབུད་བཏང་བའི་དཔོན་རིགས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།
ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་དུ། Ma Xingrui ལ་ཆབ་སྲིད་ཅུས་ཀྱི་ཚོགས་མི་ཟུར་པ་ཞེས་འབོད་དེ་ཁོ་པ་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་སྤེལ་འདུག་པ་དང་། ཁོ་པའི་གྱོད་གཞི་དེ་ནི་ཆབ་སྲིད་ཀྱི་བློ་མ་མཐུན་པ་དང་རྒྱབ་འགལ་ཕྱིན་པ་རིགས་མ་ཡིན་པར་ལྐོག་ཟས་རང་གི་གནད་དོན་ཡིན་པ་ལྟ་བུ་འགྲེལ་བརྗོད་བྱས་འདུག འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཁོ་པར་སྒྲིག་ཁྲིམས་འགལ་བའི་ཞིབ་བཤེར་བྱེད་ཀྱི་ཡོད་པ་མ་གཏོགས་གཞན་གནས་ཚུལ་ཞིབ་ཕྲ་བཀོད་མེད་ཀྱང་། ཁ་སང་ཁོ་པ་ཕྱིར་འབུད་བཏང་བའི་གནས་ཚུལ་གྱི་ནང་དུ། Ma Xingrui ཡི་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ་ལྐོག་དངུལ་དང་བཅའ་དངོས་བླངས་བ་དང་། འཁྲིག་སྤྱོད་ཀྱི་ཆེད་དུ་དབང་ཆ་བེད་སྤྱོད་བཏང་བ། མ་ཟད་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ་མི་སྣ་བསྐོ་བཞག་དང་གནས་སྤར་སོགས་བྱས་པ་མ་ཟད། ཁོ་པའི་ནང་མི་ཉེ་འབྲེལ་དང་གཤམ་འོག་ལས་བྱེད་པ་རྣམས་ནས་ཀྱང་ཁོ་པས་དབང་ཆ་བེད་སྤྱོད་བཏང་སྟེ་ཁྲིམས་འགལ་གྱི་ལས་དོན་སྤེལ་ཡོད་པ་སོགས་བཀོད་འདུག
Asia Society Policy Institute ཞེས་པའི་ཉམས་ཞིབ་ཁང་གི་རྒྱ་ནག་རིག་པའི་མཁས་པ་ Neil Thomas ཀྱིས་ཞི་ཅིན་ཕིང་གིས་ Ma Xingrui ལྟ་བུའི་དཔོན་རིགས་ཕྱིར་འབུད་བཏང་བའི་གནད་དོན་དེ་ནས། རྒྱ་ནག་དམར་ཤོག་ཚོགས་པའི་ཐོག་ཞི་ཅིན་ཕིང་གིས་དབང་ཆ་ཇི་ཙམ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། གནད་དོན་དེ་ནི་ལྐོག་ཟས་དང་དབང་ཆ་བེད་སྤྱོད་ལོག་པ་གཏོང་མཁན་གྱི་རྒྱ་ནག་དཔོན་རིགས་གཞན་རྣམས་ལ་ཉེན་བརྡ་ཞིག་ཀྱང་ཆགས་ཀྱི་ཡོད་པ་བརྗོད་འདུག
གཞན་ཡང་ཁ་སང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་ཁུངས་ཀྱིས། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གི་ Shanxi ཞིང་ཆེན་ཁུལ་དུ་རྡོ་སོལ་སྔོག་འདོན་ས་ཚིགས་ཤིག་གས་ཐོར་བྱུང་བའི་གནད་དོན་དང་འབྲེལ། རྡོ་སོལ་གཏེར་འདོན་དེའི་འགན་འཛིན་ལ་ཡང་ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་ནང་དུ་དེང་སྐབས་དམར་ཤོག་ཚོགས་པ་རང་གི་དཔོན་རིགས་མཐོ་གྲས་མང་དག་ཅིག་ཕྱིར་འབུད་གཏོང་བཞིན་པའི་གནད་དོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་ལ་དྭགས་ནང་ཕྱོགས་བསྐྱོད་ཐོག་མང་ཚོགས་ལ་གཏམ་བཤད་སྤེལ་བའི་ཁྲོད། རྒྱ་ནག་དེ་ཉིད་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ཐོག་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་ལྟར། ཆབ་སྲིད་ཀྱི་རྦ་རླབས་འདི་ལྟ་བུའི་ནང་བོད་ཀྱི་གནད་དོན་དེ་ཉིད་གསོན་པོར་གནས་ཐུབ་པ་བྱ་རྒྱུ་དང་། གོ་སྐབས་ཤར་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེ་ཡིན་པ་ལྟར། དེ་འབྲེལ་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་ཁྲོད་བོད་དོན་ཞུ་གཏུགས་སོགས་ཀྱི་བརྒྱུད་ནས་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། ཕྱོགས་གཞན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་དམར་གཞུང་དེ་ཉིད། Autocratic Capitalist Under the Garb of Communism ཞེས་དམར་ཤོག་གི་འབག་གྱོན་པའི་དབང་ཆ་གཅིག་བསྡུས་ཀྱིས་མ་རྩའི་རིང་ལུགས་པ་ཞིག་ལ་འགྲེལ་བརྗོད་གནང་བ་མ་ཟད། དེའང་ཞེད་སྣང་གི་ཁོར་ཡུག་ལྡན་ཞིང་རྨང་གཞི་བརྟན་པོ་མེད་པའི་གནས་སྟངས་ཤིག་གི་འོག་ལུས་ཡོད་པའང་འགྲེལ་བརྗོད་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནྜ་སི་གྷར་ཧམ་ལགས་སྐུ་ཚེ་མ་ཟིན་པར་ཐུགས་གསོ་མཛད་པ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནྜ་སི་གྷར་ཧམ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་རྗེས། ཐུགས་གསོ་དང་སྦྲགས་དམ་པ་ཁོང་གི་བོད་དོན་ལ་རྒྱབ་སྐྱོར་བརྒྱུད་ནས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་ལ་ཕན་ཐོགས་བྱུང་ཡོད་པ་བཀའ་སྩལ་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་གཅུང་མོ་ Darline Graham Nordone ཌར་ལིན་གྷར་ཧམ་ནོར་ཌོ་ནི་ལགས་ཀྱི་མཚན་ཐོག་ཏུ་ཐུགས་ཕམ་དང་ནང་མིར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པ་དང་། དེའི་ནང་ཐུགས་སྨོན་མཚམས་སྦྱོར་དང་མགོན་པོ་༸གང་ཉིད་མཆོག་ནས་དེ་སྔོན་དམ་པ་ཁོང་དང་མཇལ་འཕྲད་མཛད་པ་ཐུགས་དྲན་གསོ་མཛད་ཅིང་། ཁོང་ནས་རྒྱལ་ཁབ་ལ་ཞབས་འདེགས་ཡག་པོ་གྲུབ་ཡོད་པ་དང་། དམིགས་བསལ་གྱི་བོད་མིར་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག མ་ཟད་ལོ་མང་པོའི་རིང་དམ་པ་ཁོང་གི་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བྱས་ཡོད་པ་དང་། རྒྱབ་སྐྱོར་དེ་དག་ལ་བརྟེན་ནས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་ལ་ཕན་ཐོགས་བྱུང་ཡོད་ཅེས་བཀའ་སྩལ་འདུག
དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁ་སང་ཚེས་ ༡༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་དང་སྦྲགས། ཉེ་ལམ་དམ་པ་ཁོང་དང་མཇལ་འཕྲད་གནང་བ་དྲན་གསོའི་ཐོག སྐབས་དེར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་དང་དེའི་བརྒྱུད་ནས་ཁོང་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་གླེང་སློང་བྱུང་ཡོད་སྐོར་དྲན་གསོ་གནང་འདུག ད་དུང་སྲིད་སྐྱོང་མཆོག་ནས་དམ་པ་ཁོང་གིས་གྲོས་ཚོགས་ནང་བོད་དང་འབྲེལ་བའི་ལས་དོན་དང་། དེ་བཞིན་བཙན་བྱོལ་བོད་མིའི་རོགས་དངུལ་ཐད་ལམ་སྟོན་དང་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བར་གུས་བཀུར་དང་བཀའ་དྲིན་རྗེས་དྲན་དང་ཆབས་ཅིག མྱུར་དུ་སྐྱེ་བ་བཟང་པོ་ཞིག་ལེན་པའི་ཐུགས་སྨོན་ཞུས་འདུག
གཞི་རྩའི་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཀོ་ལོ་ར་ཌོ་ཁུལ་དུ་ཕེབས་པའི་སྐབས་གྲོས་ཚོགས་འཐུས་མི་དམ་པ་ཁོང་དང་མཇལ་འཕྲད་མཛད་ཡོད་པ་དང་། རིམ་པས་ཁོང་ནས་བོད་དོན་ཐོག་གོ་རྟོགས་རྒྱ་ཆེ་རུ་ཕྱིན་ཏེ། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་དང་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཉིས་དང་ལྷན་དུ་མཇལ་འཕྲད་གནང་མྱོང་ཡོད་པ་མ་ཟད། ཨ་རིའི་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་བཅས་ལ་རྒྱབ་སྐྱོར་གནང་མཁན་ཁོངས་སུ་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཁྲོད་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་ཡིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད། ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གང་དང་གང་ཡིན་རུང་མ་འོངས་ཕུགས་རྒྱང་རིང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་འོག་ནས་སྤེལ་དགོས་པ་དང་། ལ་དྭགས་གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཆ་ཚང་ཚགས་ཚུད་དགོས་གལ་ཡིན་པ་མ་ཟད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་སྐུལ་མ་གནང་འདུག
རྩ་བའི་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ལ་དྭགས་སུ་སྲུང་བརྩི་གཟབ་རྒྱས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཤག་སྐབས་བཅུ་བདུན་པའི་ཚབ་བྱས་ཏེ་ཁུལ་དེར་ཆེད་ཕེབས་ཀྱིས། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་ལ་བྱང་བཀག་གཞུང་དང་། རྒོད་ཡུལ། ཧན་ལེ་བཅས་སུ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་ཡོད་པ། ལྷག་པར་དུ་ཐེངས་འདིའི་ལ་བྱང་ཁུལ་དུ་འཚམས་གཟིགས་དེ་བཞིན་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་མཆོག་གིས་འཚམས་གཟིགས་གནང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གི་མང་ཚོགས་ལ་གནད་དོན་མང་དག་ཅིག་གི་ཐོག་གསུང་བཤད་གནང་བའི་ཁོངས་སུ་གཙོ་བོ། སྲིད་སྐྱོང་མཆོག་གིས་ཐེངས་འདིར་གླེ་བྱང་ཁུལ་དུ་རྟོག་ཞིབ་ཁྲོད་ས་གནས་དེར་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད་པ་མངོན་རྒྱུ་འདུག་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ནང་ནས་གལ་ཆེ་བ་གཅིག་ནི་གཞུང་དང་མི་མང་བར་འབྲེལ་བ་ཡག་པོ་ཉར་ཚགས་བྱ་རྒྱུ་དེ་ཡིན་པས། བཀའ་ཤག་སྐབས་བཅུ་བདུན་པའི་ངོས་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་དེ་སྔོན་ལྟར་ཐེངས་གཉིས་རེ་འཚམས་གཟིགས་གནང་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་ཡི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་དེ་བཞིན་བོད་མིའི་གཞིས་ཆགས་དང་རུབ་སྡོད་ས་ཁུལ་རེ་རེ་ཡན་ཆད་ཀྱིས་མཚོན་གྱི་ཡོད་པ་མ་ཟད། དེས་སྤྱི་ཡོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱང་རང་བཞིན་གྱི་ཡག་པོ་ཞིག་ཆགས་རྒྱུ་ཡིན་དུས། གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་དང་། གང་ལྟར་ཁུལ་འདིར་འཛུགས་སྐྲུན་གྱི་ལས་གཞི་གང་ཞིག་སྤེལ་གྱི་ཡོད་པ་དེ་དག་མ་འོངས་ལོ་མང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་ཐོག་ནས་གནང་དགོས་པ་གསུངས་འདུག
ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་མཚོན་པའི་སྲིད་སྐྱོང་ལ་གུས་ཞབས་སྣེ་ལེན་གང་ཐོབ་ཀྱི་ཡོད་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ༸མགོན་པོ་མཆོག་གིས་བཀའ་དགོངས་དབུ་མའི་ལམ་གྱི་གནད་འགག་སྐོར་ངོ་སྤྲོད་གནང་བ་མ་ཟད། ༸གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་སྟེ་དུས་ཀྱི་དགོས་མཁོ་དང་མཐུན་པའི་བཀའ་སློབ་ལམ་སྟོན་ཤ་སྟག་ཡིན་པ་དང་། ༸གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཏེ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་རྩ་བ་ཚུགས་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན་དུས་དེས་འཛམ་གླིང་ཡོངས་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད་པ་སོགས་བཀའ་སྩལ་མཛད་ཀྱི་ཡོད་པ་དག་ལ་དོ་སྣང་གནང་དགོས་པའི་དྲན་སྐུལ་གྱིས། ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་ཡོད་ཀྱང་དེར་བླ་སློབ་ཀྱི་དམ་ཚིག་ཡག་པོ་དགོས་གལ་ཡིན་པ་དང་། ༸མགོན་པོ་མཆོག་གིས་མུ་མཐུད་མཛད་པ་འཕྲིན་ལས་སྐྱོང་བཞིན་པ་ཁག་ལ་མི་མང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་གལ། དེ་བཞིན་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་ཆུང་ཆུང་རིགས་ཀྱིས་༸སྐུ་མདུན་ཐུགས་སུན་པོ་བཟོ་མི་དགོས་པ་ཞིག་ངེས་པར་དུ་གནང་དགོས་པ་གསུངས་འདུག་ལ། ༸གང་ཉིད་སྐུ་འཚོ་བཞུགས་མེད་པའི་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་བཞིན་ཆེ་མཐོང་མུ་མཐུད་ཐོབ་པའི་རེ་བ་དང་ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གིས་སོན་བཏབ་གནང་མཛད་པའི་མང་གཙོའི་ལམ་ལུགས་མུ་མཐུད་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་འདུག
ལྷག་པར་དུ་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་ཀྱི་སྣོད་ཀྱི་བྱུང་རབས་ལོ་རྒྱུས་དང་དེང་དུས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་སྐོར་ངོ་སྤྲོད་དང་འབྲེལ། ད་ལྟའི་རྒྱ་ནག་རྒྱལ་ཁབ་སྟེ་ཕྱི་ཕྱོགས་ནས་བལྟས་ན་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྣང་གི་ཡོད་ཀྱང་སྲིད་གཞུང་ནང་ལོག་ལ་དཔོན་རིགས་ཕན་ཚུན་དོགས་པ་རྣམ་རྟོག་གི་ཁེངས་ཡོད་པ་མ་ཟད། ཆབ་སྲིད་སོགས་གང་སྤྱིའི་ཐད་ནས་ཕྱི་གསལ་ནང་གསལ་མེད་པ་སོགས་ཐེར་འདོན་གྱིས། ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་སྐོར་གསུངས་ཏེ། ད་ལྟའི་རྒྱ་ནག་གིས་བྱེད་བབ་ལ་བལྟས་ན་སྐད་ཆ་བཤད་སའི་ལམ་ཁ་མེད་པ་དེ་ལྟར་ཡང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་གསུངས་འདུག
མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟ་བྱང་ཐང་ཉོ་མར་ཁྱིམ་ཚང་ ༣༡ དང་། རྒོད་ཡུལ་དུ་ ༢༥། ཧན་ལེར་ཁྱིམ་ཚང་ ༨༦ བཅས་བྱང་ཐང་ཁུལ་གྱི་ས་ཁུལ་བཞིའི་ནང་གྲོང་པ་ ༢༠༠ ཙམ་ཡོད་པའི་གནས་སྟངས་གསལ་འདོན་དང་འབྲེལ། ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ཡི་ཡོད་པ་དང་། བོད་མི་གནས་སྤོས་གནང་མཁན་ཡང་ཕྲན་བུ་འབྱུང་གི་ཡོད་དུས། ཕྱག་ལས་གང་གནང་གི་ཡོད་པ་དེ་དག་ས་གནས་ས་ཐོག་གི་ཁྲིམས་གཞིར་བཟུང་དང་དྲང་བདེན་ངང་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་སྤྱིར་བཏང་རྒྱ་གར་ཁྱོན་ཡོངས་ནང་ས་ཁུལ་ ༣༧ ལ་ལྟ་རྟོག་གནང་དགོས་ཀྱི་ཡོད་ཀྱང་། གླེ་བྱང་ཁུལ་གྱི་ས་ཆའི་དཀའ་རྙོག་རྣམས་ལ་དྭགས་ད་གནས་ཀྱི་འབྲེལ་ཡོད་དང་ལྷན་དུ་གྲོས་མོལ་གྱིས་སེལ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། གཙོ་བོ་བྱང་ཐང་མང་ཚོགས་ངོས་ནས་ས་གནས་སྲིད་གཞུང་གིས་ཁྲིམས་མཐུན་ཐོག་གནང་བའི་རང་སོ་སོའི་ས་ཆ་ཡོད་པ་དེ་དག་བདག་པོ་ཡག་པོ་རྒྱག་དགོས་པ་དང་། འབྱུང་འགྱུར་དུས་སུ་འབྲེལ་ཡོད་ཚོས་ཞིབ་འཇུག་རྟོག་ཞིབ་སླད་ཕེབས་སྐབས་དགོས་ངེས་ཀྱི་བདག་དབང་ཡིག་ཆ་ཁག་སྔོན་ཚུད་ནས་གྲ་སྒྲིག་གནང་དགོས་པ་གསུངས་འདུག
སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་དེ་སྔ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བྱང་ཐང་ཆུ་མུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་གསོལ་སྩལ་གནང་ཡོད་པ་སོགས་གླེ་བྱང་ཁུལ་དུ་འགྲོ་བཞིན་པའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་། ཁུལ་དེའི་གཞིས་ཆགས་དང་སློབ་གྲྭ་རྒས་གསོ་ཁང་བཅས་སུ་ལྟ་སྐོར་གྱིས་བདེ་སྡུག་གསན་བཞེས་ཀྱིས་བོད་མིའི་སྒྲིག་འཛུགས་ངོས་ནས་ས་མཚམས་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ནི་གལ་གནད་ཆེན་པོར་བརྩིའི་ཡོད་པས་ཤེས་ཡོན་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་རྨང་གཞིའི་མཐུན་རྐྱེན་བཅས་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་གང་ཐུབ་གནང་གི་ཡིན་པ་གསུངས་འདུག




