རྒྱ་གར་གཞུང་གིས་རྒྱ་མི་བརྙན་ཐུང་བཟོ་མཁན་དང་ཐད་གཏོང་གཏོང་མཁན་ཁག་ཅིག་གིས་བརྙན་ཐུང་ནང་བྷང་ལ་དེཤ་(Bangladesh)ཀྱི་ས་ཁུལ་སྐྱོ་པོ་དེ་ཚོ་བསྟན་ནས། ས་གནས་དེ་རྒྱ་གར་ཡིན་ལུགས་ཀྱིས་རྒྱ་གར་ལ་ཁྱད་གསོད་བྱས་པ་དེར་འབྲེལ་ཡོད་སྲིད་གཞུང་ནས་མི་སྣ་དེ་དག་ལ་ཉེས་ཆད་འགེལ་དགོས་པའི་རེ་སྐུལ་གནང་འདུག

དེ་ཡང་ཉེ་ལམ་བྷང་ལ་དེཤ་ཀྱི་གསར་ཁང་(Prothom Alo)ཟེར་བས། རྒྱ་མི་བརྙན་ཐུང་དང་ཐད་གཏོང་གཏོང་མཁན་ ༡༥༠ ལྷག་གིས་བྷང་ལ་དེཤ་ཀྱི་རྒྱལ་ས་གྲ་ཀའི་Tekpara དང་། Uttara རྫོང་གི་སྲང་ལམ་གུ་དོག་པོ་ཞིག་ཏུ། ས་ཁུལ་སྐྱོ་པོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡིན་ལུགས་བཤད་ནས། རྒྱ་གར་ལ་དམའ་འབེབས་ཁྱད་གསོད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད།
དེའི་ནང་ནས་སི་ཁྲོན་ཞིག་ཆེན་ནས་ཡིན་པའི་རྒྱ་མི་མཱི་ཡན་མཱི་ཡན་ཟེར་བ་ཞིག་གིས། ཟླ་བ་ ༡༡ ཚེས་ ༡ ཉིན་ཐད་གཏོང་ལྟ་མཁན་རྣམས་ལ་ས་ཁུལ་དེ་རྒྱ་གར་གྱི་རྒྱལ་ས་ཡིན་ཁུལ་བཤད་ནས། དེའི་ཁང་པ་དང་རྒྱ་ལམ་སོགས་ཐབས་སྐྱོ་པོ་དང་བཙོག་པ་ཡོད་ལུགས་དང་། དེ་བཞིན་ཐད་གཏོང་བ་གཞན་ཝང་ཝི་(Wang Wei)ཟེར་བ་ཞིག་གིས་ས་གནས་དེའི་ཡུལ་མི་ཚོས་བ་ཕྱུགས་ཀྱི་གཅིན་པ་ཡིས་བཟོས་པའི་ཇ་ཐུང་གི་ཡོད་ཚུལ་ཀྱི་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།
རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། ཁ་སང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་རན་དིར་ཇེསྦལ་(Randhir Jaiswal)ལགས་ཀྱིས་བྱེད་བབ་དེ་ལ་སྐྱོན་བརྗོད་དང་སྦྲགས། རྒྱལ་ཁབ་ཅིག་གི་སྐོར་དེ་ལྟར་ལོག་བཤད་བྱས་པ་དེ་ནི་སྟབས་མ་ལེགས་པའི་གནས་ཚུལ་ཞིག་ཡིན་པ་དང་། བྱེད་སྟངས་དེས་འབྲེལ་ཡོད་མི་སྣ་དེ་དག་དང་དེའི་རྒྱབ་ཏུ་ཡོད་པ་ཚོ་ལ་ཡིད་ཆེས་བརླག་རྒྱུ་མ་གཏོགས་གཞན་གང་ཡང་མེད། ཅེས་ལན་འདེབས་གནང་འདུག་ལ། ལན་འདེབས་ཁྲོད་རྒྱ་གར་གྱི་མགྲིན་ཚབ་པས་ཐད་ཀར་རྒྱ་ནག་གི་མིང་འདོན་གནང་མེད་ནའང་། ཤུགས་ལ་རྒྱ་ནག་ལ་གོ་བ་སྤྲད་འདུག
བྷང་ལ་དེཤ་ནང་དུ་རྒྱ་མི་ཐད་གཏོང་བ་དེ་ཚོས་ས་གནས་ཡུལ་མིའི་ཆོག་མཆན་མེད་པར་སྡོད་ཁང་དང་། ཐབ་ཚང་སོགས་སུ་འཛུལ་ནས་བརྙན་ལེན་བྱས་ཏེ། བརྙན་པར་དེ་དག་ཁོ་ཚོས་རྒྱ་ནག་གི་གྲགས་ཆེ་བའི་སྤྱི་ཚོགས་དྲྭ་རྒྱ་དཱོ་ཡིན་(Douyin)དང་། སྐད་འཕྲིན་(WeChat)སོགས་ནས་ཐད་གཏོང་བཏང་འདུག
གནས་ཚུལ་རྩད་གཅོད་བྱེད་སྐབས་ Prothom Alo གསར་ཁང་ལ་རྒྱ་མི་ཞིག་ནས་ཐད་གཏོང་དེ་ཚོང་གི་བྱེད་སྒོ་ཞིག་ཡིན་ལུགས་ལན་འདེབས་བྱས་འདུག་ནའང་། གསར་ཁང་གིས་དཔྱད་ཞིབ་བྱས་པ་ལྟར་ན། རྒྱ་གར་བའི་འཚོ་བའི་གནས་སྟངས་ལ་དམའ་འབེབས་གཏོང་བར་ཆེད་མངགས་ས་ཁུལ་སྐྱོ་པོ་དེ་དག་གདམ་པ་དེ། རྒྱ་ཆེ་ས་ནས་སེམས་ཁམས་དང་ས་ཁམས་ཆབ་སྲིད་འགྲན་རྩོད་དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་བྱས་འདུག
རྩ་བའི་གནས་ཚུལ་འདི་ཕྱི་ལོ་ ༢༠༢༠ ལོའི་ས་མཚམས་དཀའ་རྙོག་རྗེས་རྒྱ་དཀར་ནག་བར་གྱི་འབྲེལ་བ་བཟང་དུ་གཏང་རྒྱུའི་འབད་རྩོལ་བྱེད་བཞིན་པའི་སྐབས་སུ་བྱུང་ཡོད་ལ། དེ་དང་འབྲེལ་ཏེ་ཉེ་བའི་ཆ་ནས་ཕྱོགས་གཉིས་ཀས་ས་མཚམས་གདོང་ཐུག་ཕྱིར་འཐེན་དང་སྦྲགས། མི་དང་མིའི་འབྲེལ་བ་གོང་མཐོར་གཏང་རྒྱུར་དམིགས་ཏེ་མཐོང་མཆན་སྤྲད་འགོ་བཙུགས་ཡོད་ནའང་། རྒྱ་རིགས་མི་མང་ཁྲོད་ནས་རྒྱ་གར་ལ་མཐོང་ཆུང་དང་། དམའ་འབེབས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མཐོང་རྒྱུ་ཡོད་ལ། ལྷག་པར་དུ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་གར་ནི་ཡར་རྒྱས་མེད་པ་དང་། འབགས་བཙོག་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་འཕྱ་སྨོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད།




