ཟི་ལིང་གྲོང་ཁྱེར་དུ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླའི་གཉེན་འཕྲད་དང་མ་དངུལ་འཇོག་པ། གཏན་སྡོད་བྱེད་པ་བཅས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལུགས་བརྗོད་དེ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག

དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་སུ་གྱུར་བའི་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། མཚོ་སྔོན་གྱི་ཕྱིར་སྡོད་རང་མིའི་ལས་དོན་གྲོས་ཚོགས་ཟེར་བ་སྐོང་འཚོགས་བྱས་ཏེ། མི་རབས་གསར་པའི་ཕྱི་སྡོད་རང་མིའི་ལས་རིགས་ཀྱི་སྟོབས་ཤུགས་གསར་བ་ཟེར་བ་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་ལུགས་སོགས་བརྗོད་ཡོད་འདུག །ལས་ཁུངས་དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ པའི་ནང་ཟི་ལིང་དུ་གསར་བཙུགས་ཀྱིས་ཚོགས་འདུ་འཚོགས་པའི་རྗེས་སུ་ད་ལྟ་ཉེ་ཆར་ལས་ཁུངས་དངོས་སུ་སྒོ་འབྱེད་བྱས་པ་ཞིག་རེད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་དེ་ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩེ་སེམས་མེས་རྒྱལ་དང་སྦྲེལ་ཏེ་ཟམ་པ་ལྟ་བུའི་ནུས་པ་སྤེལ་ནས་དུས་རབས་གསར་བའི་བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་འགྱུར་ལྡོག་གསལ་སྟོན་ཆེད་དང་། ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླས་གཉེན་འཕྲད་དང་མ་དངུལ་འཇོག་པ། གཏན་སྡོད་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་ཞབས་ཞུའི་ཆེད་ཡིན་ལུགས་བརྗོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྲོས་ཚོགས་ཟེར་བ་ཞིག་སྐོང་འཚོགས་བྱས་པའི་ཐོག །མཚོ་སྔོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་དང་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་སོགས་མཉམ་ཞུགས་ཀྱིས་གཏམ་བཤད་སྤེལ་ནས། ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེན་དུ་གཏང་རྒྱུ་དང་། ས་གནས་སོ་སོའི་ཕྱིར་སྡོད་རང་མི་དང་འབྲེལ་བའི་སྡེ་ཁག་སོ་སོ་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་རྒྱུ་ཡིན་ལུགས་སོགས་བརྗོད་འདུག
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་ད་རེས་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་འདོམས་འོག་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྣེ་ལེན་གཞུང་ལས་ཁང་ཟེར་བ་བརྒྱད་ཐོག་མར་གསར་འཛུགས་བྱས་ནས་ལས་གཞི་སྤེལ་འགོ་བཙུགས་པའི་ཁྲོད། བོད་ཁུལ་གྱི་ཞིང་ཆེན་བཞིའི་ནང་ཕྱི་སྡོད་བོད་མིའི་སྣེ་ལེན་ཚན་པ་བཅུ་ཙམ་ཆེད་འཛུགས་བྱས་ཡོད་པ་གསུངས་སོང་།
འདི་གའི་གསར་འགོད་པས་རྒྱ་གཞུང་གིས་བོད་ནང་བོད་མི་རྣམས་ལ་༸གོང་ས་མཆོག་གི་སྐུ་པར་ཉར་ཚགས་དང་། ཕྱི་ཕྱོགས་ལ་ཆོས་ཡོན་གྱི་དངུལ་བསྐུར་བ་ཙམ་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་བོད་མི་རྣམས་འཛིན་བཟུང་བཀག་ཉར་དང་སུན་གཙེར་སྣ་ཚོགས་བཟོ་བཞིན་ཡོད་སར། ད་ཆ་ཕྱིར་སྡོད་བོད་མིར་སྣེ་ལེན་ས་ཚིགས་ཟེར་བ་བཙུགས་ནས་དགའ་བསུ་ཞུ་བཞིན་པའི་རྒྱབ་ལ་དམིགས་ཡུལ་གཙོ་བོ་ག་རེ་ཡིན་མིན་གྱི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་གཞུང་གིས་བོད་མིར་སྣེ་ལེན་གྱི་ས་ཚིགས་སོགས་བཙུགས་པ་དེ་དག་གཙོ་བོ་བོད་ནང་བསྐྱོད་མཁན་ཕྱིར་སྡོད་བོད་རིགས་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་སྟངས་འཛིན་དང་སོ་ལྟ་བྱ་རྒྱུའི་ཆེད་དུ་ཡིན་པ་གསུངས་སོང་།
བསྟན་འཛིན་ཕན་ཐོགས་ལགས་ཀྱིས་ད་དུང་། འདས་པའི་ལོ་ཤས་གོང་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་རྒྱ་ནག་གཞུང་གིས་ཕྱེས་བས་བོད་ཁུལ་ཞིང་ཆེན་བཞི་དང་བོད་རང་སྐྱོང་ལྗོངས་ཟེར་བ་བཅས་སུ་བོད་མི་རྣམས་མདུན་དུ་བཞག་ནས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་འགོ་བཙུགས་པའི་ཁྲོད། བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ཚོར་སྣེ་ལེན་བྱེད་ཀྱི་ཡོད་ལུགས་བསྒྲགས་ནས། འཛམ་གླིང་ས་ཕྱོགས་གང་ས་ནས་བོད་དུ་གཉེན་འཕྲད་དུ་སྐྱོད་མཁན་གྱི་བོད་མི་མང་དག་ཅིག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཡོ་བྱུས་འོག་ཏུ་ཚུད་ནས་ཆབ་སྲིད་ཀྱི་ལག་ཆར་འགྱུར་རྒྱུའི་བྱུས་ངན་ཞིག་ཡིན་པ་གསུངས་སོང་།
རྒྱ་ནག་གཞུང་གིས་ཐབས་བྱུས་དེ་དག་ཁྲོད། དེ་སྔ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ པའི་ཚེས་ ༩ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གཉེན་འཕྲད་དང་གནས་མཇལ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་འདོད་ཡོད་མཁན་བོད་མི་རྣམས་ནས་རྒྱ་ནག་གི་བྱུས་ངན་འོག་མ་ཚུད་པ་དང་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པའི་སླད་དུ། འགྲུལ་བཞུད་སྔོན་ཚུད་ནས་བོད་མིའི་སྒྲིག་འཛུགས་ལ་སྙན་སེང་ཞུ་དགོས་པ་དང་། སྲིད་ཞུ་བ་ཡིན་ཚེ་བོད་ནང་འགྲུལ་བཞུད་མ་བྱས་ན་ལེགས་པ་དང་། གལ་ཏེ་ཕེབས་དགོས་ཚེ། འབྲེལ་ཡོད་ལས་ཁུངས་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཞུ་དགོས་པ། ཛ་དྲག་གི་འབྲེལ་གཏུགས་བྱེད་ས་བཞག་དགོས་པ། བོད་ནང་བསྐྱོད་པའི་སྐབས་སུ་དང་ཕྱིར་ལོག་གནང་བའི་རྗེས་སུ་ནང་མི་སྤུན་ཉེ་འབྲེལ་སོགས་ཀྱི་བརྒྱུད་ནས་བཙན་དབང་དང་གནོན་ཤུགས་ཀྱི་གནད་དོན་རིགས་བྱུང་ཚེ་འབྲེལ་ཡོད་ལ་སྙན་སེང་ཞུ་དགོས་པ་སོགས་དོན་ཚན་བདུན་ཅན་གྱི་ལམ་སྟོན་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༥ དང་ ༢༠༢༦ གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པའི་ཐོག་ལ་བདེ་སྲུང་བཀའ་བློན་རིམ་བྱོན་གྱིས་དེ་མཚུངས་ཀྱི་སྐུལ་འདེད་གནང་ཡོད་པ་རེད།




