ཀ་ཁ་ག་ང་བོད་དོན་གོམ་བགྲོད་ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༨ ཉིན་ལ་དགས་ནས་རྡ་ས་བར་གྱི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན། དེ་རིང་བཞུགས་སྒར་རྡ་རམ་ས་ལར་འབྱོར་བ་དང་སྦྲགས་ནས་མཇུག་སྒྲིལ་གནང་སོང་།

དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣།༣༠ ཐོག་ལས་འགུལ་མཇུག་སྒྲིལ་གྱི་གསར་འགོད་གསལ་བསྒྲགས་ཐོག་སྐལ་བཟང་མཐར་ཕྱིན་ལགས་ཀྱིས། རང་ཉིད་ངོས་ནས་ལས་འགུལ་འདི་སྤེལ་ཐུབ་པར་བློ་བདེ་པོ་བྱུང་ཅེས་གསུངས་པ་དེ་ལྟར་ཡང་། ཁོང་གི་ཐོག་མའི་དམིགས་ཡུལ་གཞིར་བཟུང་བོད་ཀྱི་སྐད་དང་རིག་གཞུང་ཁྱབ་བསྒྲགས་ཀྱི་ཆ་ནས་གྲུབ་འབྲས་ཆུང་ཆུང་ཞིག་ལས་བྱུང་མེད་པ་གསུངས་སོང་ལ། གང་ལྟར་མང་ཚོགས་ལ་ཁོང་གི་བརྡ་ལན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་དམིགས་བསལ་གྱི་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པ་གསུངས་སོང་།
རྩ་བའི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གནས་བཞུགས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ལ་རྗེས་དྲན་དང་སྦྲགས་ནས། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལས་འགུལ་དེ་བཞིན་ཁོང་གིས་ཐོག་མར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ནས་ཕྱི་ཟླ་ ༨ པའི་ཚེས་ ༡༦ བར་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་གནང་བའི་རྗེས་སུ། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་སླར་ཡང་ལ་དྭགས་ནས་བཞུགས་སྒར་རྡ་རམ་ས་ལ་བར་གོམ་བགྲོད་གནང་ཡོད་པ་རེད།




