Tibetan Royal Year of 2151 | Year of the Wood Dragon

ཨ་ཀྱཱ་རིན་པོ་ཆེས་ཉི་ཧོང་གྲོས་ཚོགས་འཐུས་མིར་བོད་ནང་ཆོས་དད་རང་དབང་རྡོག་རོལ་སྐོར་སྙན་སེང་ཞུས་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ལྟ་ཞིབ་གནང་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གིས་གདན་ཞུས་འོག ༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཁུལ་དེའི་གྲོས་ཚོགས་འཐུས་མིར་རིན་པོ་ཆེ་སྐུ་ཉིད་ཀྱི་བོད་ནང་གི་མི་ཚེའི་ཉམས་མྱོང་དང་བོད་ནང་ཆོས་དད་རང་དབང་ཐད་བཙན་གནོན་ཇི་ཙམ་བྱུང་བཞིན་ཡོད་མེད་སྐོར་སྙན་སེང་ཞུས་འདུག

Arjia Rinpoche

དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལྟ་ཞིབ་གནང་མཁན་ཉི་ཧོང་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་ཚོགས་གཙོ་ Furuya Keiji ལགས་ཀྱིས་ཨ་ཀྱཱ་རིན་པོ་ཆེ་མཆོག་ལ་ཁུལ་དེའི་གྲོས་ཚོགས་འཐུས་མིར་ཚབས་ཆེ་བའི་བོད་ནང་གི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་དང་རྒྱ་གཞུང་གིས་དྲག་གནོན་འོག་ཁོང་བླ་ཆེན་ཞིག་གི་སྐུ་ཚེ་ཉམས་མྱོང་སྐོར་གསལ་བཤད་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག་པ་ལྟར།  ཁ་སང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་འཐུས་མི་དེ་དག་ལ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གསུངས་བཤད་ཀྱི་གོ་སྐབས་དེ་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག རྒྱ་ནག་གིས་བོད་ཇི་ལྟར་བཙན་འཛུལ་བྱས་མིན་དང་། དགོན་སྡེ་ཁག་དང་གནའ་བོའི་ཆོས་ཕྱོགས་ཀྱི་དངོས་རྫས་རིགས་ཇི་ལྟར་གཏོར་བཤིག་བཏང་ཡོད་པ། རིན་པོ་ཆེ་སྐུ་ཉིད་དབུས་པའི་དགེ་འདུན་གྲྭ་མང་རྣམས་ལ་ཇི་ལྟར་སྐྱ་སར་བབ་བཅུག་གི་ཡོད་པ་དང་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་བཅུག་གི་མེད་པ། དེ་བཞིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཇི་ལྟར་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཚབ་དུ་པཎ་ཆེན་རྫུན་མ་ཞིག་ཇུས་ངན་གྱིས་ཇི་ལྟར་བསྐོ་བཞག་གནང་ཡོད་པ་སོགས་ཀྱི་སྐོར་གསལ་བཤད་གནང་འདུག

Arjia Rinpoche

༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་སྐབས་དེར་ད་དུང་། རྒྱ་གཞུང་གི་སྟངས་འཛིན་འོག་བེད་སྤྱོད་དུ་འགྱུར་བའི་ཆེད་དུ་རིན་པོ་ཆེ་ཁོང་ལ་ཆོས་ཕྱོགས་ཀྱི་གོ་གནས་མཐོ་བོ་ཞིག་སྤྲད་ཡོད་པའི་འགྲེལ་བརྗོད་དང་སྦྲགས། པཎ་ཆེན་རྫུན་མ་དེར་དཔེ་ཁྲིད་བྱ་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད་རང་གི་ཆོས་ལུགས་དང་འགལ་བའི་བྱ་སྤྱོད་རིགས་བྱེད་དུ་བཅུག་པས་མ་བཟོད་པ་རིན་པོ་ཆེ་མཐར་བོད་ནས་བྲོས་བྱོལ་ལ་མ་ཕེབས་ཀ་མེད་བྱུང་ཡོད་པ་བཀའ་གནང་འདུག

ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimamura Hakubun ལགས་ཀྱིས་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་མཐོང་ཆོས་མྱོང་འགྱུར་གྱི་གནས་སྟངས་ཐད་ཁུངས་སྐྱེལ་ར་སྤྲོད་དེ་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ།  གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་རྒྱ་གཞུང་གིས་ཆོས་དད་རང་དབང་ཐད་བཙན་གནོན་དམ་བསྒྲགས་ཇི་ལྟར་བྱེད་ཀྱི་ཡོད་པའི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཤེས་ཆེད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། ཉི་ཧོང་ངོས་ནས་བོད་དང་ལྷོ་སོག་ནང་རྒྱ་ནག་གི་དྲག་གནོན་མཚམས་འཇོག་སླད་རོགས་འདེགས་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་གནང་འདུག

Arjia Rinpoche

རིན་པོ་ཆེ་མཆོག་གིས་ཁ་སང་ལས་རིམ་དེའི་ཐོག་ཉི་ཧོང་གཞུང་དམངས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་གང་མང་སྤེལ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད།  ༸གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པའི་སྐོར་སྙན་སེང་དང་སྦྲགས་ཉི་འོང་ངོས་ནས་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག

རྩ་བའི་ཨ་ཀྱཱ་རིན་པོ་ཆེ་མཆོག་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ ༡༩༥༢ ལོར་ཨ་ཀྱཱ་རིན་པོ་ཆེ་མཆོག་སྐུ་ཕྲེང་བརྒྱད་པར་ངོས་འཛིན་གནང་བའི་སོག་པོའི་མི་རིགས་ཤིག་ཡིན་པ་རེད། ཉི་ཧོང་གྲོས་ཚོགས་ནང་གི་ཁ་སའི་ལས་རིམ་དེའི་ཐོག་རིན་པོ་ཆེ་མཆོག་ལྷན་དུ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ Shizuoka མཐོ་སློབ་ཀྱི་ Prof. Akira Ohno གཉིས་ལྷན་བཞུགས་གནང་ཡོད་པ་དང་། Jeff ལགས་ཀྱིས་རིན་པོ་མཆོག་གི་གསུང་སྒྱུར་གནང་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ལ་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་འབྲུག་སྐད་ཞི་བའི་ཁ་བ་ Surviving the Dragon ཞེས་པའི་ཉི་ཧོང་སྐད་ཡིག་ཏུ་བསྒྱུར་བ་དེ་བགོ་འགྲེམས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།