Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་ཐུབ་པར་བོད་མིས་རྗེས་དྲན་ཞུས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁ་ཉིན་ཨ་རིའི་ Colorado ནང་གི་ Camp Hale ས་གནས་སུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གཙོས་བོད་དམག་ལ་དེ་སྔ་སྤྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དམག་སྦྱོང་སྤྲོད་སའི་དམག་སྒར་ཆགས་ཡུལ་ས་གནས་དངོས་རྩད་ཆོད་ཐུབ་པར་རྗེས་དྲན་མཛད་སྒོ་ཚོགས་འདུག

Camp Hale Colorado
Photo Credit: John LaConte/Vail Daily

རྩ་བའི་ Camp Hale ཞེས་ལོ་རྒྱུས་དྲན་རྟེན་གྱི་ས་ཚིགས་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མི་ ༣༠༠༠ ལྷག་ཙམ་ལ་གསང་བའི་དམག་སྦྱོང་སྤྲོད་ས་དང་དེའི་ནང་བོད་མདོ་དབུས་ཁམས་ཀྱི་མི་སྣ་ཡོད་ཀྱང་། ཨ་རི་གཞུང་གིས་གཞུང་འབྲེལ་སྒོ་ནས་ཕྱི་ལོ་ ༢༠༡༠ ལོར་མ་གཏོགས་ངོས་ལེན་གནང་མེད་པ་དང་། ལོ་དེའི་ཟླ་ ༩ ཚེས་ ༡༠ ཉིན་ཁུལ་དེར་དྲན་རྟེན་རྡོ་རིང་ཞིག་བཞེངས་ཡོད་པ་དེ་ལྟར་ཡང་། སྦྱོང་བརྡར་སྤྲོད་ཡུལ་གྱི་ས་ཚིགས་དངོས་དེ་ད་བར་ངོས་འཛིན་མ་ཐུབ་པར་ལྷག་ཡོད་པ་རེད།    Colorado གཙུག་ལག་སློབ་ཆེན་གྱི་མི་རྒྱུད་དཔྱད་རིག་པ་ལྕམ་ Carole Macgranahan ལགས་ཀྱིས་འདས་པའི་ལོ་ ༡༤ རིང་ཞིབ་འཇུག་མཐིལ་ཕྱིན་ཁྲོད་ད་ཆ་ས་ཚིགས་དེ་བཞིན་ནས་རྙེད་སོན་བྱུང་བ་ལྟར། ཁ་ཉིན་ཕྱི་ ༦ ཚེས་ ༩ ཉིན་ Colorado གཙུག་ལག་སློབ་གྲྭ་ཆེན་མོའི་མི་རྒྱུད་རིག་པ་སྡེ་ཚན་དང་སློབ་ཆེན་དེའི་ནང་གི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ཁང་། མདོ་ཁམས་ཆུ་བཞི་སྒང་དྲུག་ Vail Symposium ཞེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག་ས་ཚིགས་དེའི་ཐོག་རྗེས་དྲན་མཛད་སྒོ་ཞིག་ཚོགས་འདུག

Camp Hale Colorado
Photo Credit: John LaConte/Vail Daily

སྐབས་དེར་དགུང་ལོ་ ༩༡ ཕེབས་པའི་དེ་སྔ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བོད་དམག་ལ་སྦྱོང་བརྡར་སྤྲོད་མཁན་སྐུ་ཞབས་ Bruce Walker ལགས་དང་སྐབས་དེའི་བོད་པའི་སྐད་བསྒྱུར་བ་ཚེ་རིང་རྡོ་རྗེ་ལགས། ལྕམ་ Carole Macgranaha ལགས་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་གཙོས་རྒྱ་གར་ནས་སྤྱི་འཐུས་གསུམ། དེ་བཞིན་དབུས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། བཀའ་ཟུར་པདྨ་ཆོས་འབྱོར་ལགས། གཞན་ཡང་བོད་ནང་དགེ་འདུན་ཡིན་པ་རྗེས་སུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་ནང་ཞུགས་མྱོང་མཁན་དགའ་ལྡན་བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ་ལགས་དང་ས་གནས་དེར་དམག་སྦྱོང་བྱས་མྱོང་མཁན་གྱི་ཤུལ་ལུས་ནང་མི་བཅས་ཕྱི་ནང་གི་གནད་ཡོད་སྐུ་མགྲོན་བརྒྱ་སྐོར་ཙམ་འདུ་འཛོམས་གནང་འདུག

Camp Hale Colorado
Photo Credit: John LaConte/Vail Daily

རྗེས་དྲན་མཛད་སྒོ་དེའི་ཐོག་ས་གནས་ཆུ་སྒང་ཚོགས་གཞོན་བསྟན་འཛིན་ནོར་བཟང་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་གནང་བ་དང་དེ་ནས་མཁན་རིན་པོ་ཆེ་བློ་བཟང་ཚེ་འཕེལ་ལགས་ཀྱིས་རབ་གནས་གསོལ་འདེབས་གནང་བ་མ་ཟད།  ལྕམ་ Carole Macgranaha ལགས་དང་ལྷན་ Camp Hale གནས་དེར་དེ་སྔ་དམག་སྨྱོང་གནང་མཁན་བོད་མིའི་མཚན་ཐོ་སྒྲོགས་སྦྱང་གནང་པའི་སྒོ་ནས་བོད་མི་དེ་དག་ལ་རྗེས་དྲན་ཞུས་འདུག

དགུང་ལོ་ ༩༡ ཕེབས་པའི་དེ་སྔ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བོད་དམག་ལ་སྦྱོང་བརྡར་སྤྲོད་མཁན་སྐུ་ཞབས་ Bruce Walker ལགས་ཀྱིས་དམག་སྒར་ཧེལ་གྱི་དམག་སྦྱོང་སྤྲོད་ཡུལ་ལ་བོད་མི་ཚོས་ལྡུམ་རྭ་ཞེས་འབོད་ལ་བོད་མི་དང་ཨ་རི་བ་བརྒྱ་ཕྲག་མང་པོ་ལོ་གང་པོར་ས་ཆ་དེར་མཉམ་དུ་བཞུགས་ཡོད་པ་དང་ས་ཆ་དེར་བོད་མིའི་ཉལ་ཁང་དང་ལས་བྱེད་པའི་དམག་སྒར། ལུས་རྩལ་ཁང་དང་འཛིན་ཁང་། དེ་བཞིན་འཛིན་སྐྱོང་ཁང་སོགས་ཡོད་པ་གསུངས་འདུག ལྷག་དོན་ཁོང་གིས་དམག་སྦྱོང་སྤྲོད་ཡུལ་ས་ཆ་འདི་དམིགས་སུ་བཀར་ནས་རླུང་འཕྲིན་རུ་ཁག་གི་སྦྱོང་བརྡར་ཆེད་དུ་བེད་སྤྱོད་གནང་པ་རེད་ཅེས་དང་རུ་ཁག་དེ་དག་བོད་དུ་གནམ་མཆོངས་བརྒྱབ་སྟེ་འགོག་རྒོལ་དམག་དཔུང་ནང་ཞུགས་རྒྱུ་དང་། བོད་ནང་གི་འགོག་རྒོལ་སྐོར་གྱི་གནས་ཚུལ་དུས་ཐོག་ཏུ་ཕྱིར་གཏོང་གནང་ཆེད་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཁོང་ནས་དེ་སྔ་ཧེལ་དམག་སྒར་ནང་ལོ་ཁ་ཤས་རིང་བཞུགས་ཏེ་ཁོང་ཚོར་ལག་ཤེས་ཀྱི་རིགས་འགའ་ཤས་བསླབས་པ་དང་རྒྱ་མིའི་སྐྱེལ་འདྲེན་ལ་བར་ཆད་བཟོ་བའི་གཏོར་བཤིག་གི་ཐབས་ལམ་དང་དེ་འདྲེའི་རིགས་ལ་མཉམ་ཞུགས་གནང་པ་ཡིན་ཞེས་གསུངས་འདུག 

Camp Hale Colorado
Photo Credit: John LaConte/Vail Daily

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁོང་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ངོ་བོའི་ཐོག་ནས་བཅར་ཡོད་པ་གང་ཞིག་ལ་རང་ཉིད་ཆུ་བཞི་སྒང་དྲུག་གི་ཁོངས་གཏོགས་ཡིན་པས་སྤོབས་པ་ཡོད་ཅེས་དང་དེ་ལྟ་བུའི་སྤོབས་པ་མ་འོངས་བོད་པའི་མི་རབས་གཞོན་སྐྱེས་ཁྲོད་བརྒྱུད་སྤེལ་གནང་བར་ཚང་མས་ཧུར་བརྩོན་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་ཏེ་བོད་མི་རྣམས་གཅིག་སྒྲིལ་གནང་དགོས་ཞེས་གསུངས་འདུག གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྒྲ་འཇུག་གནང་བའི་བཀའ་བློན་མཆོག་གི་གསུང་བཤད་ཀྱི་དུམ་བུ་ཞིག་གསན་རོག་གནང་།

ཕྱོགས་མཚུངས་ལོ་རབས་ལྔ་བཅུ་པའི་སྨད་ནས་ ༡༩༧༠ གྲངས་ཀྱི་སྟོད་བར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་གསང་བའི་ལས་འགུལ་སྣེ་ཁྲིད་གནང་མཁན་གཙོ་བོ་དང་ ༡༩༥༩ ལོར་དམག་སྒར་ hale དུ་དམག་སྦྱོང་ཐོབ་མྱོང་མཁན་སྐོུ་ལྷ་མོ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱི་བུ་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ VailDaily ཞེས་པའི་ས་གནས་གསར་ཤོག་གི་བཅར་དྲིར་དང་ལེན་ཁྲོད། ཁོང་གི་ཕ་དམ་པས་དམག་སྦྱོང་གནང་སའི་མི་ཕལ་ཆེ་བ་ནི་བོད་ལ་ཕྱིར་ལོག་གནང་རྗེས་ལས་དོན་དཀའ་ཚེགས་ཆེ་བའི་ཁྲོད་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་ཁོང་གི་ཕ་དམ་པས་དུས་རྒྱུན་ནས་བོད་ཀྱི་འཐབ་རྩོད་ཀྱི་ལེའུ་འདི་ང་ཚོས་མ་གྲུབ་པའི་དོན་དག་ཅིག་ཡིན་པར་ངོས་འཛིན་བྱ་རྒྱུ་ལས་ལྡོག་ཏེ་དེ་ནི་བོད་ཀྱི་རང་བཙན་ཆེད་དུ་རྒྱུན་མཐུད་འཐབ་རྩོད་བྱེད་པའི་ལེའུ་གཅིག་ཡིན་པར་ངོས་འཛིན་གནང་དགོས་ཞེས་གསུངས་ཡོད་པ་ལུང་འདྲེན་གནང་འདུག

Camp Hale Colorado
Photo Credit: John LaConte/Vail Daily

མ་ཟད་ Camp Hale ས་གནས་སུ་ཨ་རིའི་གསང་བའི་སྦྱོང་བརྡར་ཐོབ་མཁན་གཙོ་གྲས་ཨ་ཐར་ནོར་བུ་ལགས་ཀྱི་བོུ་ཟླ་བ་ནོར་བུ་ལགས་ཀྱིས་ཁོང་ད་རེས་ས་གནས་དེའི་ཐོག་བཅར་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་དང་འབྲེལ། མ་འོངས་པར་བོད་མི་རྣམས་ཀྱིས་བོད་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་གསང་བའི་ལས་འགུལ་འོག་རང་སྲོག་བློས་གཏོང་གནང་མཁན་བོད་མི་དེ་དག་གི་དཔའ་རྫང་སྙིང་སྟོབས་ལ་ངོས་འཛིན་ཡོང་བའི་རེ་བ་གནང་བ་དང་། དེ་བཞིན་བལ་ཡུལ་དུ་སྐྱེས་ཤིང་ད་ཆ་ཨ་རིའི་ནིའུ་ཡོག་ཏུ་གནས་སྡོད་གནང་བཞིན་པ་བཀྲིས་དཔལ་མོ་ཞུ་མཁན་ཞིག་གིས་ཁོང་སྐྱེས་ནས་བདུན་ཕྲག་གཉིས་ཀྱི་རྗེས་ཁོ་མོའི་ཕ་ཆུ་བཞི་སྒང་དྲུག་གི་དམག་འཁྲུག་ནང་འདས་གྲོངས་སུ་གྱུར་ཡོད་པ་དང་ཁོང་རང་ཉིད་ལ་མཚོན་ན་ཆུ་བཞི་སྒང་དྲུག་གི་མཛད་རྗེས་ལ་གུས་བཀུར་མཚོན་ཕྱིར་ཐེངས་འདིའི་མཛད་སྒོར་ལྷན་ཞུགས་གནང་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

རྩ་བའི་ཨ་རིའི་ Colorado ནང་རྟེན་གཞི་བྱས་པའི་དམག་སྒར་ཧེལ་དུ་ཚོགས་པའི་རྗེས་དྲན་མཛད་སྒོ་དེ་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་༡༩༥༨ ནས་༡༩༦༤ བར་བོད་མི་རྣམས་ལ་གསང་བའི་ཐོག་དམག་སྦྱོང་སྤྲོད་སའི་ས་གནས་དངོས་རྩད་ཆོད་ཐུབ་པར་དགའ་སྟོན་གྱི་མཛད་སྒོ་ཙམ་མ་ཡིན་པར་། ཕྱི་ལོ་ ༡༩༥༨ ལོར་གསར་འཛུགས་གནང་པའི་ཆུ་བཞི་སྒང་དྲུག་དམག་དཔུང་གི་ལོ་དྲུག་ཅུ་རེ་དྲུག་གི་དུས་དྲན་སྲུང་བརྩི་དང་དུས་མཚུངས་སུ་ཚོགས་ཡོད་པ་རེད།

Camp Hale Colorado
Photo Credit: John LaConte/Vail Daily

འབྲེལ་ཡོད་གསར་གནས།

གསར་གནས།