བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ Grammy Award གྷེ་རེ་མི་གཟེངས་རྟགས་ཐོབ་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་གཟེངས་རྟགས་དེ་ནི་ང་ཚོ་ཐུན་མོང་གི་ཀུན་ཁྱབ་འགན་འཁྲི་ལ་ངོས་འཛིན་ཐོབ་པ་ཞིག་ལ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

དེ་ཡང་ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་ California ཁེ་ལི་ཕོར་ནི་ཡའི་མངའ་སྡེའི་ Los Angeles ལོས་ཨེན་ཇི་ལི་སི་གྲོང་ཁྱེར་ནང་དུ་སྐབས་ ༦༨ པའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ Grammy Award གྷེ་རེ་མི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དུ་རོལ་དབྱངས་རྩེད་ཕུད་ཀྱི་གཟེངས་རྟགས་སྡེ་ཚན་མང་པོ་ཡོད་པའི་ནང་ནས་ Best Audibook Narration འམ་སྒྲ་དེབ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག སྒྲ་དེབ་ཀྱི་བརྗོད་བྱ་དེ་ནི་ Meditations: The Reflections of His Holiness the Dalai Lama འམ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད། སྒོམ་སྒྲུབ་ཅེས་པའི་སྐོར་ཡིན་པ་དང་། མཛད་སྒོའི་ཐོག་གཟེངས་རྟགས་དེ་བཞིན་ལས་གཞི་དེའི་ནང་རོལ་དབྱངས་ཐོག་ཕྱག་ལས་གནང་མཁན་མང་པོ་ཡོད་པའི་ནང་ནས་ཁེ་ན་ཌ་དང་ཨ་རིའི་གླུ་བ་དང་གཞས་རྩོམ་པ་པོ། Rufus Wainwright རུ་ཧྥུས་ཝེན་རཡིེཊ་ལགས་ནས་བཞེས་གནང་འདུག

གཟེངས་རྟགས་འབུལ་བཞེས་དང་འབྲེལ། དེ་རིང་ཕྱི་ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་༸གང་ཉིད་མཆོག་ལ་ངོས་འཛིན་དེ་ལྟར་ཐོབ་པར་ལེགས་གསོལ་དང་གུས་པའི་ངང་ནས་གཟེངས་རྟགས་འདི་བཞེས་ཀྱི་ཡོད་ཅེས་བཀའ་སྩལ་བའི་ཐོག གནད་དོན་དེ་ནི་༸གང་ཉིད་མཆོག་གི་སྐུ་སྒེར་གྱི་གནས་ཚུལ་ཞིག་ལ་དགོངས་བཞེས་མཛད་ཀྱི་མེད་ཅིང་། དེ་ནི་ང་ཚོ་ཚང་མའི་ཐུན་མོང་དུ་ཡོད་པའི་ཀུན་ཁྱབ་ཀྱི་འགན་འཁྲིར་ངོས་འཛིན་ཐོབ་པ་ཞིག་ལ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

ལྷག་པར་༸གོང་ས་མཆོག་གིས་ཞི་བདེ་དང་། སྙིང་རྗེ། ཁོར་ཡུག་བདག་སྐྱོང་། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅས་ནི་མི་ཐེར་འབུམ་ ༨ ཡོངས་རྫོགས་ཀྱི་བདེ་དོན་ལ་གལ་གནད་ཆེན་པོ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་མཛད་ཀྱི་ཡོད་སྟབས། གཟེངས་རྟགས་འདིའི་བརྒྱུད་ནས་བརྡ་ལན་དེ་དག་ཁྱབ་སྤེལ་རྒྱ་ཆེར་ཐུབ་རྒྱུར་ཕན་ཐོགས་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག
དེ་བཞིན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་ཁེ་ན་ཌ་དང་ཨ་རིའི་གླུ་བ་དང་གཞས་རྩོམ་པ་པོ་གྲགས་ཅན་ Rufus Wainwright རུ་ཧྥུས་ཝེན་རཡིེཊ་ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ཞུས་པའི་ཐོག་ནས་གཟེངས་རྟགས་དེ་བླངས་བར་དགའ་སྤོབས་བྱུང་ཞེས་གསུངས་བ་དང་འབྲེལ། ལས་གཞི་དེའི་ནང་ལས་དོན་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་དང་། ལྷག་པར་ལས་གཞི་དེའི་དབུས་སུ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཡོད་ཅིང་། ༸གང་ཉིད་མཆོག་ནས་སེམས་བཟང་པོ་དང་ཕན་ཚུན་ཕན་ཐོགས་བྱ་རྒྱུ་ནི་འགྲོ་བ་མིའི་རིན་ཐང་ཆེ་ཤོས་དེ་ཡིན་པ་གསུང་གི་ཡོད་ཅེས་གསུངས་འདུག མ་ཟད་ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

རྩ་བའི་འཁོར་ཐག་དེའི་ནང་བྱམས་པ་དང་བརྩེ་བ། ཞི་བདེ་དང་སྒོམ་སྒྲུབ། དེ་བཞིན་དྲན་པ་ཉེར་བཞག་བཅས་ཀྱི་ནང་དོན་ལྡན་པའི་རོལ་དབྱངས་ཁག་ ༡༠ ཡོད་པ་རེད་འདུག ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ཐུགས་དགོངས་དང་། ༸གང་ཉིད་མཆོག་གིས་གསུང་འདོན་གནང་བཞིན་པའི་ཐོག་རྒྱ་གར་གྱི་རོལ་དབྱངས་པ་གྲགས་ཅན་ Amjad Ali Khan ཨེམ་ཇེད་ཨ་ལི་དང་ཁོང་གི་བུ་ Amaan Ali Bangash ཨ་མཱན་ཨ་ལི་བྷན་གྷཤ་དང་ Ayaan Ali Bangash ཨ་ཡཱན་ཨ་ལི་བྷན་གྷཤ། དེ་བཞིན་ Kabir Sehgal ཀཱ་བིར་སེ་གྷལ་བཅས་ཀྱི་གཙོ་བོ་ཐུགས་འགན་བཞེས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྱུ་སྩལ་བ་ Andra Day ཨེན་དྲ་ཌེ། Maggie Rogers མེ་གི་རོ་ཇརས། Rufus Wainwright རུ་ཧྥུས་ཝེན་རཡིེཊ། Ted Nash ཏྲེཌ་ནཱཤ Tony Succar ཊོ་ནི་སུ་ཀར། Joe Alterman ཇོ་ཨེལ་ཊར་མེན་བཅས་ཀྱི་བཟོ་སྐྲུན་གནང་བ་ཞིག་ཡིན་པ་རེད་འདུག

Grammy Awards གྷེ་རེ་མི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༥༧ ལོར་ National Academy of Recording Arts and Sciences (NARAS) རྒྱལ་ཡོངས་སྒྲ་འཇུག་སྒྱུ་རྩལ་དང་ཚན་རིག་ལས་ཁང་གིས་འགོ་འཛུགས་གནང་ཞིང་། གཟེངས་རྟགས་འབུལ་བཞེས་ཐོག་མ་དེ་ཕྱི་ལོ་ ༡༩༥༩ ལོར་འགོ་འཛུགས་གནང་འདུག གླེང་སྟེགས་དེའི་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱི་གཞས་དང་རོལ་དབྱངས་རྩེ་ཕུད་རྣམས་ལ་ངོས་འཛིན་གྱིས་ཕྱག་རྟགས་གནང་གི་ཡོད་པ་ལྟར། བྱ་དགའ་དེའི་འོས་གཞིར་ཚུད་ཐུབ་པ་དེ་ཡང་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གནང་སྲོལ་ཡོད་པ་རེད།

གཞི་རྩའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་ Grammy བྱ་དགའ་ཐོབ་མཁན་གཅིག་ལས་བྱུང་མེད་པ་དེའང་། དེ་སྔ་ཕྱི་ལོ་ ༢༠༠༤ ལོའི་ Grammy བྱ་དགའ་ཐེངས་ ༤༦ པའི་ཐོག་ལ་ཤེས་རབ་གླིང་དགོན་པའི་དགེ་འདུན་པ་རྣམས་ཀྱི་ཞལ་འདོན་གྱི་འཁོར་ཐག་ལ་ Best Traditional World Music Album ཞེས་པའི་འཛམ་གླིང་སྲོལ་རྒྱུན་དབྱངས་རིགས་རྩེ་ཕུད་གཟེངས་རྟགས་ཐོབ་ཡོད་པ་རེད། དེ་མིན་བོད་པའི་གླིང་བུའི་སྒྱུ་རྩལ་བ་གྲགས་ཆེན་ངག་དབང་མཁས་མཆོག་ལགས་དང་བླ་མ་བཀྲ་ཤིས་སམ་ Ngawang Tashi Bapu ལགས། དེ་བཞིན་བོད་པའི་རོལ་དབྱངས་པ་དང་གཞས་པ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་བཅས་ཕྱི་ལོ་ ༢༠༠༡ དང་ ༢༠༠༦ དེ་བཞིན་ ༢༠༢༠ སོ་སོར་ Grammy བྱ་དགའི་འོས་གཞིར་ཚུད་ཡོད་ཀྱང་གཟེངས་རྟགས་ཐོབ་པ་བྱུང་མི་འདུག



