Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཐའེ་ཝན་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཁ་སང་ཕྱི་ཚེས་ ༣ ཉིན་ཐའེ་ཝན་ཤར་ཕྱོགས་སུ་ས་ཡོམ་གྱི་དོན་རྐྱེན་འོག་མི་དགུ་ཙམ་འདས་གྲོངས་དང་བརྒྱ་ཁྲག་ཁ་ཤས་ལ་རྨས་སྐྱོན་ཕོག་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེའི་སྲིད་འཛིན་ Tsai Ing-wen མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། གོད་ཆགས་དེའི་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་ཕོག་པར་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་། འབྱུང་བའི་གོད་ཆགས་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་ཐུགས་སྨོན་དང་འབྲེལ། སྲིད་འཛིན་ Tsai Ing-wen མཆོག་གིས་གཙོས་པའི་གནོད་སྐྱོན་ཕོག་པའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་དེ། ཐའེ་ཝན་སྲིད་གཞུང་གཙོས་པའི་འབྲེལ་ཡོད་ཚོགས་སྡེ་ཁག་ནས་དེ་མ་ཐག་མྱུར་སྐྱོབ་གནང་བར་བསྔགས་བརྗོད་མཛད་འདུག

རྩ་བའི་ཨ་རིའི་ས་གཤིས་རིག་པའི་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧།༥༨ ཙམ་ལ་ཐའེ་ཝན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ Hualien ནང་ས་ཡོམ་གཡོ་འགུལ་གྱི་ཚད་གཞི་ ༧་༤ བྱུང་ཡོད་པ་མངོན་གསལ་གནང་བ་དང་། དེ་ནི་ཁུལ་དེར་དེ་སྔོན་ཕྱི་ལོ་ ༡༩༩༩ རྗེས་ཀྱི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཡིན་འདུག་པ་མ་ཟད། ཐའེ་ཝན་གཞུང་འབྲེལ་མི་སྣ་ཚོས་བརྗོད་པ་ལྟར་ན། ད་བར་མི་གྲངས་ ༩ ཙམ་རྐྱེན་འདས་སུ་ཕྱིན་པ་དང་། ད་དུང་དེ་ལས་མང་བ་ཡོད་སྲིད་པ་ཞིག་ཡིན་པ་ཚོད་དཔག་གནང་གི་འདུག དེ་བཞིན་མི་གྲངས་ ༡༠༠༠ ལྷག་གོད་ཆགས་དེའི་ཁྲོད་རྨས་སྐྱོན་ཕོག་ཡོད་པ་རེད་འདུག

ཁ་སང་ས་ཡོམ་དེའི་ཁྲོད་རྒྱ་མཚོའི་ངོགས་མཚམས་སུ་ཡོད་པའི་མོ་ཊའི་ལམ་ཁ་དང་ཕུག་ལམ་ཆད་པ། དེ་བཞིན་རི་ཉིལ་བ་སོགས་ཀྱི་གནད་དོན་ཡང་བྱུང་སྟེ། མི་མང་པོ་ཞིག་དེ་འབྲེལ་རྡིབ་སྐྱོན་བྱུང་བའི་ཁང་པ་དང་ཕུག་ལམ་སོགས་ཀྱི་ནང་ལྷག་ཡོད་འདུག་པ་མ་ཟད། གཞུང་འབྲེལ་གྱི་མངོན་གསལ་གནང་བའི་གྲངས་འབོར་བྱས་ན། དེ་རིང་བར་མི་གྲངས་ ༦༤༠ ལྷག་དེ་འབྲེལ་རྡིབ་སྐྱོན་འོག་ཚུད་ཡོད་པ་རེད་འདུག

ཐའེ་ཝན་གྱི་འབྱུང་བའི་གོད་ཆགས་དེར་ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ x ཞེས་པའི་འཕྲུལ་དྲའི་དྲ་ལམ་ཐོག་སྲིད་འཛིན་ Tsai Ing-wen མཆོག་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབྱུང་བའི་གོད་ཆགས་ཀྱི་གནོད་སྐྱོན་ཕོག་མཁན་དང་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་ཡོངས་ལ་སྨོན་ལམ་དང་། དྲག་སྐྱེད་སོར་ཆུད་ཡོང་བར་ཇི་མི་སྙམ་པའི་འབད་བརྩོན་དང་། ནུས་པ་དང་། སྙིང་སྟོབས་གོང་འཕེལ་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་། ཐའེ་ཝན་གཞུང་དང་མི་དམངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་འབྲེལ། དཀའ་ཚེགས་ཆེ་བའི་དུས་སྐབས་དེར་ང་ཚོའི་སྨོན་ལམ་ཐའེ་ཝན་མི་དམངས་མཉམ་དུ་ཡོད་ཅེས་གསུངས་འདུག

གཞི་རྩའི་དེ་སྔོན་ཕྱི་ལོ་ ༡༩༩༩ ལོར་ཐའེ་ཝན་ནང་དེ་མཚུངས་ཀྱི་ས་ཡོམ་འགུལ་ཚད་ ༧་༦ བྱུང་སྟེ།་སྐབས་དེར་མི་གྲངས་ ༢༤༠༠ དང་ཁང་བརྩེགས་ ༥༠༠༠ ཙམ་རྡིབ་སྐྱོན་ཤོར་ཡོད་སྟབས། དེའི་རྗེས་ཁུལ་དེར་ཁང་པའི་བཟོ་བཀོད་དང་ཚན་རྩལ་སོགས་ལ་ཡར་རྒྱས་གང་ལེགས་ཕྱིན་པར་མཁས་པ་ཁག་གཅིག་གིས་དེ་སྔོན་དང་བསྡུར་ན་མི་ཤི་བའི་གྲངས་ཀ་དང་གཏོར་བཤིག་ཆེས་ཇེ་ཉུང་དུ་ཕྱིན་པ་བརྗོད་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།