༸གོང་ས་མཆོག་གིས་རོ་བྷཊ་བྷོབ་ཐར་མཱན་ལགས་དགོངས་པ་རྫོགས་པར་ཐུགས་གསོ་མཛད་པ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་ཀྱི་བློས་ཐུབ་གྲོགས་པོ་སློབ་དཔོན་ཆེན་མོ་ Robert Thurman ལགས་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་མཛད་པ་དང་འབྲེལ། སྐུ་ཚེ་གང་པོར་འགྲོ་བ་མིའི་བདེ་ཐབས་ལ་ཞབས་ཞུ་བསྒྲུབས་པའི་དགེ་བའི་མཐུ་ལས་མི་རབས་ནས་མི་རབས་རྣམས་སུའང་འབྲས་བུ་སྨིན་ངེས་ཡིན་པ་བཀའ་སྩལ་མཛད་འདུག

Robert Thurman, Lifelong Friend of the Dalai Lama and Champion of Tibet, and Renowned Buddhist scholar, Passes Away

དེ་ཡང་འདི་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་ Nena Thurman ནི་ནཱ་ཐར་མཱན་ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པ་དེའི་ནང་། ཁོང་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་མཛད་བཞིན་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ལོ་མཇུག་ཙམ་ནས་རྒྱ་གར་ནང་ཁོང་དང་མཇལ་འཕྲད་ཐོག་མ་བྱུང་བ་ནས་བཟུང་ལོ་མང་པོའི་རིང་བློས་ཐུབ་ཀྱི་གྲོགས་པོར་གནས་ཡོད་ཅིང་། ཁོང་ནི་ནང་དོན་རིག་པའི་མཁས་པ་ཞིག་ཡིན་པའི་ཆ་ནས་མཁྱེན་རྒྱ་ཟབ་པོ་ཡོད་པར་བསྔགས་བརྗོད་དང་འབྲེལ། བོད་ཀྱི་སྐད་ཡིག་ལའང་བྱང་ཆུབ་པ་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱི་ཆེད་ལས་ཐོག་ནས་སྐུ་ཚེ་གང་པོར་གཞན་ལ་ཤེས་ཡོན་དེ་དག་བརྒྱུད་སྤེལ་དང་། རྩོམ་རྩལ་དང་སློབ་སྟོན་གྱི་ལམ་ནས་རང་ཉིད་ཀྱི་སློབ་ཕྲུག་ཙམ་མིན་པར་རྒྱ་ཆེ་ས་ནས་ཕན་ཐོགས་ཆེན་པོ་བསྒྲུབས་ཡོད་པ་བཀའ་སྩལ་འདུག

ལྷག་པར་དམ་པ་ཁོང་གིས་བོད་བརྒྱུད་ནང་བསྟན་རིག་གཞུང་གི་འཚོ་གནས་དེ་མ་འོངས་བོད་ཀྱི་གནས་བབ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ངེས་པ་གཏིང་ཟབ་རྙེད་ཡོད་པ་མ་ཟད། ཨ་རིར་རྟེན་གཞིས་བྱས་པའི་བོད་ཁང་ལྟ་བུའི་བརྒྱུད་ནས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཆེད་དུ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པས་མགོན་པོ་༸གང་ཉིད་མཆོག་གིས་དེར་རིན་ཐང་ཧ་ཅང་ཆེན་པོ་བརྩི་བཞིན་ཡོད་ཅེས་བཀའ་སྩལ་འདུག

དམ་པ་ཁོང་གིས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་ཅིང་། མ་འོངས་བོད་བརྒྱུད་ནང་བསྟན་གྱི་སློབ་མ་རྣམས་ལ་སེམས་སྐུལ་ཐེབས་པའི་མཛད་རྗེས་བཞག་ཡོད་པ་དང་། སྐུ་ཚེ་གང་པོར་འགྲོ་བ་མིའི་བདེ་ཐབས་ལ་ཞབས་ཞུ་བསྒྲུབས་པའི་དགེ་བའི་མཐུ་ལས་མི་རབས་ནས་མི་རབས་རྣམས་སུའང་འབྲས་བུ་སྨིན་ངེས་ཡིན་པ་བཀའ་སྩལ་འདུག

རྩ་བའི་སྐུ་ཞབས་ཁོང་འདི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཨ་རིའི་ནིའུ་ཡོག་གི་ Woodstock གྲོང་སྡེ་རུ་དགུང་གྲངས་ ༨༤ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཐུགས་གསོ་དང་མྱ་ངན། དེ་བཞིན་བཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་མཁན་རྒྱ་ཆེ་བྱུང་དང་འབྱུང་བཞིན་ཡོད་པའི་ཁྲོད། རྒྱ་གར་གྱི་སྲིད་བློན་ན་རེ་དྲ་མོ་དྷི་མཆོག་གིས་ཀྱང་། ཕྱི་ཚེས་ ༡༨ ཉིན་ X སྤྱི་ཚོགས་དྲྭ་ལམ་ཐོག ཁོང་དགོངས་པ་རྫོགས་པར་བློ་ཕམ་ཆེན་པོ་བྱུང་བ་དང་འབྲེལ། དམ་པ་ཁོང་ནི་ནང་དོན་རིག་པར་སྙན་གྲགས་ཆེ་བའི་མཁས་པ་ཞིག་ཡིན་པ་དང་ཆབས་ཅིག ཁྱད་དུ་འཕགས་པའི་སློབ་དཔོན་དང་སྐུ་ཚེ་ཧྲིལ་པོ་རྒྱ་གར་གྱི་གྲོགས་པོ་ཞིག་ཡིན་པ། ལྷག་པར་ཁོང་གི་ལས་དོན་བརྒྱུད་ནས་རྒྱལ་སྤྱིའི་ཁྲོད་ནང་པའི་ལྟ་གྲུབ་དར་ཁྱབ་དང་རིག་གཞུང་ནང་ཕན་ཚུན་གོ་རྟོགས་ཡོང་བའི་འབྲེལ་ལམ་གཏིང་ཟབ་ཞིག་ཀྱང་བསྐྲུན་ཡོད་པར་གསུངས་འདུག མ་ཟད་ལོ་ཤས་སྔོན་ནེའུ་ཡོག་ཏུ་མཇལ་འཕྲད་སྐབས་བཀའ་མོལ་ལྷུག་པོ་བྱུང་བར་དྲུན་གསོ་དང་འབྲེལ། ཁོང་གི་ཤུལ་ལུས་ནང་མི་དང་གྲོགས་པོ། དེ་བཞིན་ཡིད་སྨོན་བྱེད་མཁན་ཡོངས་ལ་ཐུགས་གསོ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་གི་ནང་མི་དང་འབྲེལ་ཡོད་ཡོངས་ལ་ཐུགས་གསོ་ཞུས་དང་པ་དང་འབྲེལ། སྐུ་ཚེ་ཧྲིལ་པོར་བོད་བརྒྱུད་ནང་བསྟན་གྱི་རིན་ཐང་བརྒྱུད་སྤེལ་སླད་དུ་ཆོད་སེམས་བརྟན་པོའི་སྐུ་ལས་སྐྱོན་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་མཁན་ཞིག་ཡིན་པར་རྩོམ་དང་གསུང་བཤད། མི་མང་འདུ་འཛོམས། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་སྐབས་བདེན་དཔང་གསུང་བཤད་སོགས་ཀྱི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་རྒྱ་ཆེར་ཐོབ་པའི་ཕན་ཐོགས་བྱུང་ཡོད་པར་བོད་མི་ཚང་མས་བཀའ་དྲིན་རྗེས་དྲན་ཞུ་ངེས་ཡིན་པ་སོགས་གསུངས་འདུག

གཞན་ཡང་དམ་པ་ཁོང་ལ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་དགོན་སྡེ་དང་ལྟེ་གནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཚོགས་པ་སྒྲིག་འཛུགས་ཁག དམ་པ་ཁོང་ལ་ཡིད་སྨོན་དང་རྗེས་འབྲང་པ་ཧ་ཅང་མང་པོས་ཐུགས་གསོ་དང་མྱ་ངན་ཞུ་བཞིན་འདུག

སྐུ་ཞབས་རོ་བྷཊ་ཐར་མཱན་ལགས་ནི་ཕྱི་ལོ་ ༡༩༤༡ ཟླ་ ༨ ཚེས་ ༤ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཟློས་གར་འཁྲབ་སྟོན་པ་ཡུམ་ Elizabeth Dean Farrar ལགས་དང་ AP གསར་ཁང་གི་རྩོམ་སྒྲིག་པ་ཡབ་ Beverly Reid Thurman Jr. ལགས་ཀྱི་སྲས་སུ་འཁྲུངས་པ་དང་།  ཁོང་གིས་གཞི་རིམ་སློབ་གཉེར་ཨ་རིའི་ Phillips Exeter Academy གཏན་སྡོད་སློབ་གྲྭར་གནང་རྗེས།  ཕྱི་ལོ་ ༡༩༦༢ ལོར་ Harvard མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས་འདུག་ལ།  ཕྱིས་སུ་ཁོང་གིས་སླར་ཡང་མཐོ་སློབ་དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱང་བརྩོན་གྱིས་ཕྱི་ལོ་ ༡༩༦༩ ལོར་གཙུག་ལག་རབ་འབྱམས་པ་དང་།  ༡༩༧༢ ལོར་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཡོད་པ་རེད་འདུག

སློབ་དཔོན་ཆེན་པོ་རོ་བྷཊ་ཐར་མཱན་ལགས་ཀྱིས་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་ཕྱི་ལོ་ ༡༩༦༡ ལོར་རྨས་སྐྱོན་ཚབས་ཆེན་ཞིག་གིས་ཁོང་གི་སྤྱན་གཡོན་མར་སྐྱོན་ཤོར་བའི་དོན་རྐྱེན་དང་འབྲེལ་ནས་ཁོང་ལ་འཆི་བ་མི་རྟག་པའི་སྐོར་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་ཏེ།  མཐར་ཨ་རིར་གནས་བཞུགས་སོག་རིགས་བླ་མ་དབང་རྒྱལ་ལགས་ཀྱི་དྲུང་ནས་ནང་པ་སངས་རྒྱས་པའི་ཆོས་ལ་འཇུག་པ་དང་། ལྷན་དུ་བོད་ཀྱི་སྐད་ཡིག་ལའང་སྦྱང་བརྩོན་གནང་ཡོད་འདུག  ཕྱི་ལོ་ ༡༩༦༥ ལོར་རང་ལོ་ ༢༤ ལ་སོན་སྐབས་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་རབ་ཏུ་བྱུང་ཀྱང་།  ཕྱིས་སུ་དུས་བསྟུན་གནས་སྟངས་རྐྱེན་པས་སླར་ཡང་སྐྱ་ལ་བབས་ཡོད་འདུག 

ཕྱི་ལོ་ ༡༩༨༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་བཀའ་མངགས་སྩལ་བ་བཞིན་རོ་བྷཊ་ཐར་མཱན་ལགས་ཀྱིས་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Philip Glass ལགས་རྣམ་གཉིས་དང་ལྷན་དུ་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་སླད་ Tibet House འམ་བོད་ཁང་གསར་འཛུགས་གནང་ཡོད་པ་དང་།  དེའི་རྗེས་སྐུ་ཞབས་ཁོང་གིས་བོད་ཀྱི་གསོ་རིག་བཅོས་ཐབས་ཀྱི་ལྟེ་གནས་ Menla Retreat & Dewa Spa ཞེས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད་འདུག

རོ་བྷཊ་ཐར་མཱན་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་བརྩམས་ཆོས་དང་། ཡིག་སྒྱུར། རྩོམ་སྒྲིག་གི་ལས་ལ་འཇུག་ཡོད་པ་དང་། ཁོང་གིས་ད་བར་ཕྱག་དེབ་ ༣༠ ལྷག་འདོན་སྤེལ་གནང་ཡོད་པ་མ་ཟད།  ཁོང་གི་ཕྱག་ལས་ལ་ཆེ་བསྟོད་མཚོན་བྱེད་དུ།  རྒྱལ་སྤྱིའི་ཁྲོད་དུ་ཤིན་ཏུ་གྲགས་ཆེ་བའི་ Time དུས་དེབ་ཀྱིས་ཁོང་ལ་ཕྱི་ལོ་ ༡༩༩༧ ལོའི་ཨ་རིའི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་གྲངས་ ༢༥ ནང་ནས་གཅིག་ཏུ་ངོས་འཛིན་གནང་ཡོད་པ་དང་།  ༢༠༠༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ཁོང་ལ་ Light of Truth ཞེས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་ཏེ་ཆེ་བསྟོད་ཞུས་ཡོད་པ་རེད།  དེ་བཞིན་ ༢༠༠༦ ལོར་ New York Magazine ནིའུ་ཡོག་དུས་དེབ་ཀྱིས་ཁོང་ལ་ཆོས་ལུགས་ཁྲོད་ཀྱི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་ཁོངས་སུ་མཚན་འདོན་གནང་ཡོད་པ་དང་།  ལྷག་པར་དུ་ཁོང་གིས་སྐུ་ཚེ་ཧྲིལ་པོར་རྩོམ་རིག་དང་ཤེས་ཡོན་ཐོག་ཕྱག་ལས་གནང་བར་ངོས་འཛིན་གྱིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་གྲས་ Padma Shri Award ཡང་ཁོང་ལ་ཐོབ་ཡོད་པ་རེད། 

གཞི་རྩའི་སྐུ་ཞབས་རོ་བྷཊ་ཐར་མཱན་ལགས་ནས་ཉེ་སྔོན་བཞུགས་སྒར་དུ་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་ཆེད་ཕེབས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།