བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་འབུལ་བཞེས་མཛད་པར་ཕྱི་ནང་གཉིས་ཀྱི་བོད་མི་གཙོས་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་གཅིག་གིས་དགའ་བསུ་ཞུ་བཞིན་པའི་ཁྲོད་འདིར། ཁ་སང་ཕྱི་ཚེས་ ༢ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དེ་འབྲེལ་དྲི་བར་ལན་འདེབས་ཁྲོད། མགོན་པོ་༸གང་ཉིད་མཆོག་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་ཞིང་། ཆོས་ཀྱི་མིང་ཐོག་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་དམིགས་ཡུལ་དང་བྱ་སྤྱོད་སྤེལ་བཞིན་ཡོད་ཚུལ་དང་། སྒྱུ་རྩལ་གྱི་གཟེངས་རྟགས་དེ་རྒྱ་ནག་དང་ཁ་བྲལ་བའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་པར་དགག་པ་ཡོད་ཅེས་བརྗོད་འདུག

རྩ་བའི་ཁ་ཉིན་ཨ་རིའི་ California ཁེ་ལི་ཕོར་ནི་ཡའི་མངའ་སྡེའི་ Los Angeles ལོས་ཨེན་ཇི་ལི་སི་གྲོང་ཁྱེར་ནང་དུ་སྐབས་ ༦༨ པའི་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ Grammy Award གྷེ་རེ་མི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དུ་རོལ་དབྱངས་རྩེད་ཕུད་ཀྱི་གཟེངས་རྟགས་སྡེ་ཚན་མང་པོ་ཡོད་པའི་ནང་ནས་ Best Audibook Narration འམ་སྒྲ་དེབ་རྩེ་ཕུད་ཀྱི་གཟེངས་རྟགས་དེ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྒོམ་སྒྲུབ་དང་ཁོང་གི་དགོངས་བཞེད་ཀྱི་སྐོར་ལ་བརྗོད་པའི་གསུང་དེབ་ (Meditations: The Reflections of His Holiness the Dalai Lama) ཅེས་པར་ཐོབ་ཡོད།
༸གོང་ས་མཆོག་གིས་ མགོན་པོ་༸གང་ཉིད་མཆོག་ལ་ངོས་འཛིན་དེ་ལྟར་ཐོབ་པར་ལེགས་གསོལ་དང་གུས་པའི་ངང་ནས་གཟེངས་རྟགས་འདི་བཞེས་ཀྱི་ཡོད་ཅེས་བཀའ་སྩལ་བའི་ཐོག གནད་དོན་དེ་ནི་༸གང་ཉིད་མཆོག་གི་སྐུ་སྒེར་གྱི་གནས་ཚུལ་ཞིག་ལ་དགོངས་བཞེས་མཛད་ཀྱི་མེད་ཅིང་། དེ་ནི་ང་ཚོ་ཚང་མའི་ཐུན་མོང་དུ་ཡོད་པའི་ཀུན་ཁྱབ་ཀྱི་འགན་འཁྲིར་ངོས་འཛིན་ཐོབ་པ་ཞིག་ལ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་ལ་གྷི་རེ་མིའི་གྲགས་ཅན་གཟེངས་རྟགས་ཐོབ་པའི་གནས་ཚུལ་ཐོན་མ་ཐག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དེབ་ Meditations: The Reflections of His Holiness the Dalai Lama ཞེས་པར་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་འབུལ་བཞེས་མཛད་པར་འཚམས་འདྲི་དང་སྦྲགས། གཟེངས་རྟགས་འདི་ནི་༸གོང་ས་མཆོག་གི་ཞི་བདེ་དང་འགྲོ་བ་མིའི་གཅིག་གྱུར་གྱི་བཀའ་སློབ་འདི་དག་གོང་སྤེལ་དང་རྒྱུན་འཛིན་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་གཞན་ཞིག་རེད་ཅེས་དང་། ༸གོང་ས་མཆོག་གི་བཀའ་སློབ་དེ་དག་གིས་མི་ས་ཡ་མང་པོས་བྱམས་བརྩེ་དང་སྙིང་རྗེའི་ལམ་ལ་བཞུགས་ཏེ་ཕན་ཚུན་བསམ་ཤེས་ཀྱིས་ཞི་བའི་ངང་གནས་ཐུབ་པ་དང་། ཚང་མར་འཛམ་གླིང་ལ་འགན་འཁྲི་མཉམ་སྤྱོད་ཡོད་པ་དྲན་སྐུལ་གནང་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་འདུག
མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་སྙན་གྲགས་ཆེ་བའི་གྷི་རེ་མི་གཟེངས་རྟགས་ཐོབ་པར་འཚམས་འདྲི་དང་འབྲེལ། གཟེངས་རྟགས་འདི་ནི་སྒྲ་བརྙན་དང་སྒྲུང་གི་བརྒྱུད་ལམ་ཁག་བརྒྱུད་ནས་ཤེས་རབ་དང་འགྲོ་བ་མིའི་རིན་ཐང་ཁྱབ་སྤེལ་བྱེད་པའི་ནུས་པ་མཚོན་གྱི་ཡོད་ཅེས་གསུངས་འདུག་པ་དང་། བོད་མི་མང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་༸གོང་ས་མཆོག་ལ་གྷི་རེ་མི་གཟེངས་རྟགས་ཕུལ་བ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད་པ་དང་། དེ་ནི་ང་ཚོ་བོད་མི་ཙམ་མིན་པར་འགྲོ་བ་མིའི་རིགས་ཡོངས་ཀྱི་དགའ་ཚོར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གི་བྱམས་སྙིང་རྗེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲིའི་བཀའ་སློབ་སོགས་ནི་རིག་གཞུང་དང་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཡོད་པས། ༸གང་ཉིད་མཆོག་ལ་གཟེངས་རྟགས་འདི་ཐོབ་པའི་བརྒྱུད་ཁོང་གི་ཐུགས་དགོངས་མཐའ་དག་རིག་གཞུང་དང་ཆོས་ལུགས། རྒན་གཞོན་བཅས་དབྱེ་བ་མེད་པར་ཁྱབ་སྤེལ་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག

དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang པེ་རེམ་སིངྒ་ཏ་མང་མཆོག་གིས། གཟེངས་རྟགས་དེ་ནི་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྙིང་རྗེ་དང་། ཤེས་རབ། འཇིག་རྟེན་ཀུན་ཁྱབ་འགན་འཁྲི་ཐོག་སྐུ་ལས་བསྐྱོན་པར་ཆེ་བསྟོད་ངོས་འཛིན་ཐོབ་པ་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གི་ལྷོད་ཅིང་འཇམ་པའི་གསུང་དང་དུས་མཐའ་བྲལ་བའི་བཀའ་སློབ་ཁག་གིས་མི་ས་ཡ་མང་པོར་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མི་རྣམས་གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་དེ་ཉིད་ཇེ་ཟབ་ཏུ་གཏོང་བར་ཕན་ནུས་བླ་ན་མེད་པ་སྦྱིན་ཡོད་ཅེས་གསུངས་འདུག ད་དུང་སྒོམ་སྐྱོན་སྟངས་སོགས་ཀྱི་གསུང་དེབ་དེ་དག་གིས་བྱམས་བརྩེ་དང་སྙིང་རྗེ། ཞི་བདེ་སོགས་ཀྱི་རླབས་ཆེན་རིན་ཐང་གོང་སྤེལ་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག
ཕྱོགས་མཚུངས་ International Buddhist Confederation (IBC) ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rajeev Chandrasekhar ལགས། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཆབ་སྲིད་པ་ kamal Hassan ལགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ Barbara Pocock ལགས་སོགས་རྒྱལ་སྤྱིའི་ཚོགས་སྒེར་དུ་མས་༸གང་ཉིད་མཆོག་ལ་འདི་ལྟ་བུའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཟེངས་རྟགས་ཐོབ་པར་དགའ་བསུ་དང་འབྲེལ། གཟེངས་རྟགས་དེའི་དབུས་སུ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཡོད་ཅིང་། མི་ཚང་མས་སེམས་བཟང་པོ་དང་ཕན་ཚུན་ཕན་ཐོགས་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་བཞིན་འདུག
མ་ཟད། ༸གོང་ས་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་འབུལ་བཞེས་མཛད་པའི་གནས་ཚུལ་ཐོན་ཁྲལ། བོད་མི་རྣམ་པས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སེམས་ཚོར་ཆེན་པོས་༸གང་ཉིད་མཆོག་ལ་མཚམས་འདྲི་དང་འབྲེལ། ༸གོང་ས་མཆོག་གིས་ད་བར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་དང་། ཆོས་ལུགས་ཕན་ཚུན་མཐུན་འབྲེལ། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་བཅས་རླབས་ཆེན་མཛད་ཁུར་བཞི་བདག་གིར་བཞེས་ཏེ། འགྲོ་བ་མིའི་བདེ་སྐྱིད་དང་། འཛམ་གླིང་ཞི་བདེ་མངོན་འགྱུར་ཡོང་བར་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པ་དང་། ལྷག་པར་ད་ལན་༸མགོན་པོ་མཆོག་གི་གསུང་དེབ་ཞིག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་ཐོབ་པ་དེ་ནི་༸གང་ཉིད་མཆོག་གིས་ད་བར་འཛམ་གླིང་འདིའི་ཐོག་ཕན་ཚུན་བརྩེ་བ་དང་། འཛམ་གླིང་འདི་ཁྱིམ་ཚང་གཅིག་གི་འདུ་ཤེས་ཡོང་ཐབས། ཁོར་ཡུག་སྲུང་སྐྱོབ་མཚོན་པའི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་སྐོར་གྱི་བཀའ་སློབ་རྣམས་ལ་ཆེ་བསྟོད་ངོས་འཛིན་ཐོབ་པ་ཞིག་ཆགས་ཀྱི་ཡོད་པ་དང་། གཟེངས་རྟགས་དེ་ནི་འདི་ལོ་༸སྐུའི་གོ་སྟོན་དང་སྟབས་འཁེལ་ཡོད་པ་སོགས་གསུངས་སྟེ་མཆན་སྣ་ཚོགས་བཀོད་དང་འགོས་མུས་རེད་འདུག




