དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གནངས་ཕྱི་ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁོངས་སུ་ཡོད་པ་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་གི་བརྟན་བཞུགས་གོ་སྒྲིག་ཚོགས་མི་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་བ་དང་། གནངས་ཉིན་གྱི་བརྟན་བཞུགས་ཐོག་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་དང་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་རྒྱུ་རེད་འདུག
དེ་ཡང་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སེར་བྱེས་དགེ་བཤེས་དར་རྒྱས་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན་བྱས་ན། གནངས་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་གནང་རྒྱུ་མ་ཟད། ཐེངས་འདིའི་བརྟན་བཞུགས་ཐོག་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་དང་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་བཞེས་གནང་རྒྱུ་དང་། ལྷག་པར་དུ་ཚོགས་པ་གསུམ་ཐུན་མོང་ནས་༸མགོན་པོ་མཆོག་ལ་དངུལ་ལས་གྲུབ་པའི་སྒྲོལ་དཀར་གྱི་སྐུ་བརྙན་ཞིག་ཀྱང་འབུལ་རྒྱུ་ཡིན་པ་གསུངས་སོང་། དགེ་བཤེས་དར་རྒྱས་ལགས་ཀྱིས་ད་དུང་ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཚོགས་པ་གསུམ་ཀ་ནང་ཕན་ཚུན་དམ་ཚིག་བརྟན་པོ་དང་འཆམ་འཐུན་ལྡན་པ་ཞིག་ཡོད་པ་འགྲེལ་བརྗོད་ཀྱིས། མང་ཚོགས་ངོས་ནས་ཀྱང་རྡོག་རྩ་གཅིག་སྒྲིལ་གྱིས་ཡག་པོ་གནང་རོགས་ཅེས་སྨོན་འདུན་ཞུ་ཡི་ཡོད་པ་གསུངས་སོང་།
དེ་བཞིན་འདི་གའི་གསར་འགོད་པས་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སེར་བྱེས་དགེ་བཤེས་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས་བརྟན་བཞུགས་འདིའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུན་རིང་སྐུ་བཞུགས་མཛད་དགོས་པའི་གསོལ་འདེབས་ཞུས་པ་དེ་བོད་གཞིས་བྱེས་གཉིས་ཀྱི་དོན་དུ་ཡིན་པ་དང་། གཙོ་བོ་དུས་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ཚང་མས་གང་ཐུབ་ཀྱིས་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་ཡིན་པ་གསུངས་སོང་།

རྩ་བའི་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ངོས་ནས་བརྟན་བཞུགས་བསྟར་འབུལ་གྱི་ཀུན་སློང་དེ་བཞིན་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་པའི་༸སྐུའི་གོ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་འདི་ཧྲིལ་པོ་དམིགས་བསལ་གྱི་བྱམས་བརྩེའི་ལོར་སུང་བརྩི་ཞུ་བཞིན་ཡོད་པ་དང་བསྟུན། ཕན་ཚུན་གྲོས་བསྡུར་གྱིས་དུས་ཚིགས་ཁྱད་པར་ཅན་འདིའི་ནང་ཆ་ཤས་བླང་དགོས་གལ་གྱི་དགོངས་ཚུལ་བྱུང་ཡཔད་པར་དེ་ལྟར་ཐག་ཆོད་གནང་བ་ཞིག་ཡིན་པ་དང་། གནངས་ཉིན་གྱི་བརྟན་བཞུགས་ཐོག་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་གི་ཚོགས་མི་སེར་སྐྱ་མི་གྲངས་ ༡༠༠ ལྷག་མཉམ་ཞུགས་གནང་རྒྱུ་མ་ཟད། དབུས་གཙང་ཆོལ་ཁ་དང་སྐྱིད་གྲོང་སྐྱིད་སྡུག་གི་ཚོགས་མི་ཕོན་ཆེན་པོ་ཞིག་ནས་ཀྱང་ལྷན་བཞུགས་གནང་རྒྱུ་རེད་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀོད་པའི་མཛད་འཆར་གཞིར་བཟུང་ལྟར་ན། གནངས་ཉིན་ཕྱི་ཚེས་ ༢༥ ཡི་བརྟན་བཞུགས་བསྟར་འབུལ་རྗེས་སུ། སླར་ཡང་ཟླ་བ་རྗེས་མའི་ཕྱི་ཚེས་ ༢༢ ཉིན་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་དང་། རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་བཅས་ནས་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་མ་ཟད། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། བདུད་འཇོམས་གླིང་པའི་ཟབ་ཆོས་ཁྲོས་མ་ཉམས་ལེན་ཆོས་གྲོགས་བཅས་ནས་ཀྱང་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག



