ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་༸དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༡༡ ཚེས་ ༣༠ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་ནས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་རེ་མོས་ཀྱི་དབུ་བཞུགས་ཐོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་ཀྱི་ཚེ་སྒྲུབ་དབུ་འཛུགས་གནང་ཡོད།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སྐུ་རྟེན་དུ་ཐུབ་དབང་སྐུ་བརྙན་ ༡༢༥ དང་ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན། ༸རྗེ་ཚེ་འཛིན་མའི་སྐུ་བརྙན། དེ་བཞིན་༸རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། གསུང་རྟེན་ལ་༸རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། ཀུན་མཁྱེན་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗའི་གསུང་འབུམ་ཆ་ཚང་། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་སོགས་པ་ཆགས་ཀྱི་འདུག
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་བཞུགས་གོང་དུ་ཟླ་བ་འདིའི་ཕྱི་ཚེས་ ༢༥ དང་ཚེས་ ༢༦ བཅས་ཉིན་གཉིས་རིང་ལ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་རྣམས་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།
མཛད་འཆར་ལྟར་ན་༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལོ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད་འདུག




