བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཞབས་པུས་སྨན་བཅོས་ལེགས་གྲུབ་དང་འབྲེལ། ནིའ་ཡོག་དང་དེ་བཞིན་སུད་སི་ནང་ཆོས་འབྲེལ་དང་བརྟན་བཞུགས་སོགས་ཀྱི་མཛད་ཆར་ཁག་ལེགས་པར་གྲུབ་རྗེས་ ཁ་སང་ཕྱི་དྲོ་ཕྱག་ཚོད་ ༦ དང་ཕྱེད་ཀའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ལྡི་ལི་རྒྱལ་སྤྱིའི་གནམ་ཐང་དུ་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ནས་མགོན་པོ་༸གང་ཉིད་མཆོག་ལ་སྣེ་ལེན་ཕེབས་བསུ་ཞུས་ཡོད་པ་མ་ཟད། གནམ་ཐང་ནས་གསོལ་མགྲོན་ཁང་གི་ལམ་བར་དུ་བོད་མི་དང་ཧི་མི་ལའི་རི་བརྒྱུད་ཀྱི་དད་ལྡན་མང་ཚོགས་རྣམས་ནས་༸གང་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཞུགས་བཞག་མཛད་རྒྱུ་ཡིན་ཡང་། སྐུ་ངལ་གསོ་བཞུགས་ཙམ་ལས་དམིགས་བསལ་གྱི་མཛད་ཆར་གང་ཡང་མེད་པར། སང་ཕྱི་ཚེས་ ༢༨ ཉིན་མགོན་པོ་༸གང་ཉིད་མཆོག་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་མཛད་རྒྱུ་རེད་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་ཨ་རིར་ཆིབས་བསྒྱུར་མཛད་པ་དེ་ནི་ལོ་བདུན་རྗེས་ཐེངས་དང་པོ་ཙམ་མ་ཟད། ཆིབས་བསྒྱུར་དེ་ནི་གཙོ་བོ་མགོན་པོ་༸གང་ཉིད་ཀྱི་ཞབས་པུས་སྨན་བཅོས་སླད་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ཐོག་མར་ཨ་རིའི་ནང་ཆིབས་སྒྱུར་མཛད་སྐབས་བོད་མི་སྟོང་ཚོ་བརྒལ་བས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ལྷག་པར་ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་ནིའུ་ཡོག་གྲོང་ཁྱེར་ནང་བྱང་ཨ་རིའི་བོད་མི་ ༡༧༠༠༠ ལྷག་བརྒལ་བ་འདུ་འཛོམས་དང་། སུད་སིའི་རྫུ་རིག་གྲོང་ཁྱེར་ནང་བོད་མི་ ༡༤༠༠༠ བརྒལ་བ་འདུ་འཛོམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ལ། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་བོད་རྒྱ་ཆེ་མི་མང་གི་རེ་འདུན་བསྒྲུབ་ཕྱིར་དགུང་ལོ་བརྒྱ་ཕྲག་འཚོ་བཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་བཀྲིན་སྩལ་ཡོད།

༸གོང་ས་མཆོག་ཨ་རིའི་ཆིབས་ཐོན་མཛད་པ་དང་བསྟུན་བཞུགས་སྒར་དུ་མཚོན་ན་དབུས་གཙང་ཆོལ་ཁའི་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༢༣ ནས་བཟུང་དེ་རིང་བར་རྡ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་མང་ཚོགས་འདུ་འཛོམས་ཀྱིས་མགོན་པོ་༸གང་ཉིད་ལ་ཕེབས་ལམ་དུ་བར་ཆད་ཕྲ་མོ་ཙམ་ཡང་མ་བཞེས་པར་སྐུ་ཁམས་གསལ་བཞིན་མཛད་འཕྲིན་རྒྱས་ཏེ་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱི་འགྲུབ་པའི་ཆེད་དུ་སྐུའི་འཕྲོད་བཞེས་སླད་ཞབས་རིམ་གསོག་སྒྲུབ་ཞུས་ཡོད་པ་མ་ཟད། དེ་རིང་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་མང་ཚོགས་ནས་ཕེབས་ལམ་ཁག་གཙང་བཟོ་དང་། ལྷག་པར་དུ་དམིགས་བསལ་གཟིམ་སྒོ་གསར་བཙུགས་སོགས་ཀྱི་བརྒྱུད་༸གོང་ས་མཆོག་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་རྒྱུའི་ངང་སྒུག་གནང་བཞིན་འདུག








