ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་གོང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེ་ཝན་གྱི་འཚམས་གཟིགས་སྔ་སྣུར་གྱིས་མཚམས་འཇོག་བྱས་འདུག

Tibetan News Headlines

Geshe Jampa Lobsang: Bridging Cultures

ཪེས་གཟའ་ཉི་མ། ༢༠༢༦།༠༤།༠༥

དགོན་པ་གྲྭ་ཚང་ལས་འདས་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་དགེ་བཤེས།

ཁེ་ན་ཌའི་སྲིད་བློན་ Mark Carney མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་གཟིགས་མ་ཕེབས་གོང་། ཐེ་ཝན་དུ་ཕྱོགས་བསྐྱོད་གནང་བཞིན་པའི་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཉིས་ནས་ཡུལ་དེའི་ནང་གི་འཚམས་གཟིགས་སྔ་སྣུར་གྱིས་མཚམས་འཇོག་བྱས་ཡོད་པ་རེད་འདུག

Canadian MPs Asked to Leave Taiwan Ahead of Carney’s Beijing Visit
པར་དབང་། Focus Taiwan

དེ་ཡང་ Focus Taiwan བརྒྱུད་ལམ་ཐོག་སྤེལ་བའི་གནས་ཚུལ་ནང་། ཁེ་ན་ཌའི་ Liberal Party ཞེས་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Helena Jaczek ལགས་དང་། Marie-France Lalonde ལགས་རྣམ་གཉིས་ཀྱིས་ཁེ་ན་ཌའི་གཞུང་གི་ལམ་སྟོན་ལྟར། སྲིད་བློན་མཱག་ཁར་ནི་མཆོག་རྒྱ་ནག་གི་དབུ་ཁྲིད་ཚོ་དང་ལྷན་དུ་མཇལ་འཕྲད་མ་གནང་གོང་། ཕྱི་འབྲེལ་གྱི་དཀའ་ངལ་མི་ཡོང་བའི་ཆེད་དུ་ཐེ་ཝན་གྱི་འཚམས་གཟིགས་ཉིན་མ་གཅིག་གི་སྔ་རོལ་དུ་མཚམས་འཇོག་གནང་ཡོད་པ་འགྲེལ་བརྗོད་གནང་འདུག

སྤྱིར་ལྕམ་སྐུ་ Helena Jaczek ལགས་དང་། Marie-France Lalonde ལགས་རྣམ་གཉིས་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོ་ཁག་གི་ཆ་ཤས་འོག་ཟླ་བ་འདིའི་ཚེས་ ༡༠ ནས་ཐེ་ཝན་ནང་འཚམས་གཟིགས་དབུ་འཛུགས་ཀྱིས་ཚེས་ ༡༦ བར་ཡུལ་དེའི་ནང་སྐུ་བཞུགས་གནང་འཆར་ཡོད་ཀྱང་། ལྕམ་སྐུ་རྣམ་གཉིས་ཕྱི་ཚེས་ ༡༣ ཉིན་གློ་བུར་དུ་རང་ཡུལ་དུ་ཕྱིར་ལོག་གནང་བ་དེ་ལྟར་ཡང་། Conservative འམ་རྙིང་ཆེན་ཚོགས་པའི་གྲོས་ཚོགས་འཐུས་མི་ Shelby Kramp-Neuman ལགསདང་། Adam Chambers ལགས། དེ་བཞིན་ Melissa Lantsman བཅས་ཀྱིས་གཟིགས་སྐོར་མུ་མཐུད་གནང་བ་མ་ཟད། ཐེ་ཝན་གྱི་སྲིད་འཛིན་ Lai Ching-te མཆོག་དང་ལྷན་དུ་ཕྱོགས་གཉིས་ཀྱི་མཉམ་ལས་དང་ས་ཁུལ་གྱི་བདེ་འཇགས་སྐོར་ལ་གྲོས་མོལ་ཡང་གནང་ཡོད་པ་རེད་འདུག

ད་རེས་ཁེ་ན་ཌའི་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམ་གཉིས་དེ་ལྟ་བུའི་གནས་སྟངས་འོག་དུས་ཚོད་མ་རྫོགས་གོང་རང་ཡུལ་དུ་ཕྱིར་ལོག་བྱས་པར་ཁེ་ན་ཌའི་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པ་དང་། ཁེ་ན་ཌའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་གྲོས་ཚོགས་འཐུས་མི་ Michael Chong གིས། བྱེད་སྟངས་འདིས་ཁེ་ན་ཌས་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ནུས་པ་མེད་པ་བཟོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་གནོན་ཤུགས་འོག་མགོ་བོ་བསྒུར་བ་ཞིག་རེད་ཅེས་གསུངས་འདུག

Canadian MPs Asked to Leave Taiwan Ahead of Carney’s Beijing Visit
Michael Chong པར་དབང་། THE CANADIAN PRESS

འོན་ཀྱང་ཁོང་རྣམ་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་ཐེངས་འདིའི་ཐག་གཅོད་དེ་བཞིན་ཁེ་ན་ཌའི་གཞུང་གི་ལམ་སྟོན་འོག་གནང་བ་ཞིག་ཡིན་པ་དང་། ཁོང་རྣམ་པ་ཚོའི་ཐའེ་ཝན་ནང་གི་ཕྱོགས་བསྐྱོད་དེ་ཉིད་སྲིད་བློན་མཱག་ཁར་ནི་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དང་སྟབས་འཁེལ་གྱི་ཡོད་སྟབས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་ཐད་ལ་གོ་ནོར་མ་ཐེབས་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་ཞེས་གསུངས་བ་དང་འབྲེལ།  ཁོང་རྣམ་གཉིས་ཁེ་ན་ཌར་ཕྱིར་ལོག་བྱས་ཀྱང་། ཁེ་ན་ཌའི་ཐེ་ཝན་ཐོག་གི་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་གསུངས་འདུག དེའི་ཁྲོད་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་ད་ལན་གྱི་འཚམས་གཟིགས་དེ་ལམ་ལྷོང་བྱུང་ཡོད་པ་དང་། ཁེ་ན་ཌ་དང་ཐེ་ཝན་བར་གྱི་འབྲེལ་བ་སྔར་ལས་བརྟན་དུ་གཏོང་རྒྱུའི་དམ་བཅའ་བསྐྱར་ནན་བྱས་ཡོད།

གཞི་རྩའི་ཁེ་ན་ཌའི་སྲིད་བློན་མཱག་ཁར་ནི་ Mark Carney མཆོག་གིས་ཁ་སང་ནས་རྒྱ་ནག་གི་གཞུང་འབྲེལ་འཚམས་གཟིགས་དབུ་བཛུགས་གནང་ཡོད་པ་དང་། དེ་ནི་ཁེ་ན་ཌའི་སྲིད་བློན་ཞིག་རྒྱ་ནག་ཏུ་གཞུང་འབྲེལ་ཕེབས་པ་ཕྱི་ལོ་ ༢༠༡༧ རྗེས་ནས་བཟུང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། སྲིད་བློན་ Carney མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡུལ་དེའི་ཆེས་མཐོའི་འཐུས་མི་ཀྲའོ་ལིས་ཅི་དང་མཇལ་འཕྲད་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་དང་ལྷག་པར་ཁེ་ན་ཌ་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་བའི་ཡར་རྒྱས་ཀྱི་མྱུར་ཚད་ལ་བསྔགས་བརྗོད་བྱས་ཏེ། རྒྱལ་ཁབ་དེ་དག་གཉིས་ཁྱབ་ཁོངས་མང་པོའི་ནང་འཐབ་ཇུས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཏུ་འགྱུར་བའི་ཆ་རྐྱེན་ཚང་ཡོད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།