ཐེ་ཝན།

ཐའེ་ཝན་གྱི་དགོད་བྲོའི་གཏམ་གླེང་བ་ཞིག་ལ་དྲག་རྒོལ་བྱས་པའི་གནད་དོན་དེ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་འདུག

ཐའེ་ཝན་ནང་གི་དགོད་བྲོའི་གཏམ་གླེང་བ་གྲགས་ཆེན་ Huang Yi Hao ལགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྱ་སྨོད་ཀྱི་གཏམ་གླེང་ལས་རིམ་ལ་བར་ཆད་གཏང་ཆེད་དུ། རྒྱ་རིགས་ཁྱིམ་མིང་ལ་ Cheng དང་ Yu, Huang, Fan དེ་བཞིན་ Liao ཟེར་བ་ལྔ་ཡིས་རྒྱ་ནག་ནང་གི་མི་ཞིག་གི་བཀོད་སྒྲིག་འོག  Huang Yi Hao ལགས་ཀྱི་ཐོག་ལ་མོ་ཊའི་གདོང་ཐུག་གི་དྲག་རྒོལ་བྱས་ཏེ་ཁོང་གི་སྒལ་ཚིགས་འོག་ཏུ་རྨས་སྐྱོན་བཏང་བ་དང་འབྲེལ། ཐའེ་པེ་རྫོང་གི་ཁྲིམས་རྩོད་པས་མི་སྣ་ལྔ་པོ་དེ་དག་ཐོག་ Huang ལགས་ཀྱི་ལུས་པོར་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་།  སྒེར་གྱི་འགུལ་བསྐྱོད་དང་གསང་བའི་གནས་ཚུལ་སྨྲ་བརྗོད་རང་དབང་བཅས་རྡོག་རོལ་བཏང་བའི་ཉེས་འཛུགས་གྱི་གྱོད་དོན་བཙུགས་ཏེ། འབྲེལ་ཡོད་མི་སྣ་ལྔ་པོར་ལོ་ལྔ་བར་གྱི་བཙོན་འཇུག་ཉེས་ཆད་གཏང་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། གནད་དོན་འདི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ Taiwan News བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་ཐའེ་པེ་རྫོང་གི་ལས་ཁུངས་ཀྱིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐའེ་ཝན་གྱི་དགོད་བྲོའི་གཏམ་གླེང་བ་གྲགས་ཅན་ Huang Yi-hao ལགས་ཀྱིས་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྱ་སྨོད་ཀྱི་དགོད་བྲོའི་གཏམ་གླེང་སྤེལ་བར། རྒྱ་ནག་ནང་དུ་གནས་སྡོད་གང་ཟག་ K ཟེར་བ་ཞིག་ལ་ཧ་ཅང་གི་མི་དགའ་བ་བྱུང་བ་དང་འབྲེལ། ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ ༢༠ ཉིན་ Huang Yi Hao ལགས་ཀྱིས་རྒྱ་ནག་དང་འབྲེལ་བའི་གཏམ་གླེང་ལས་རིམ་ཞིག་སྤེལ་གཏན་ཁེལ་བ་དེར་བར་ཆད་གཏང་རྒྱུར་དམིགས་ནས། ཁོ་པས་འདས་པའི་ཟླ་ཤས་གོང་ནས་ཐའེ་ཝན་དུ་གནས་སྡོད་བྱེད་བཞིན་པའི་ཁྱིམ་མིང་ལ་ Cheng ཟེར་བ་ཞིག་གླ་གཡར་བྱས་ཏེ་སྒྱུ་རྩལ་བ་ Huang ལགས་ལ་གནོད་འཚེ་བསྐྱལ་དགོས་པའི་སྐུལ་མ་དང་སྦྲགས་ཨ་སྒོར་ ༡༤༠༠༠ ཡི་བྱ་དགའ་སྤྲད་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། Cheng ཟེར་བའི་གང་ཟག་དེས་ཉེ་སྔོན་ཕྱི་ཟླ་ ༧ པ་ནས་ ༨ པའི་བར་ Huang ལགས་ཀྱི་འཕྲུལ་རྟའི་འོག་ GPS Tracker ཞེས་ཤུལ་ལམ་འཚོལ་བྱེད་ཀྱི་ཡོ་བྱད་ཅིག་བཙུགས་ཏེ་ཁོང་གི་འགྲིམ་འགྲུལ་གྱི་གནས་ཚུལ་ཆ་ཚང་མཁོ་སྒྲུབ་བྱས་པ་མ་ཟད། Huang གི་ཁ་བྱང་དང་།  འཕྲུལ་རྟའི་ཨང་གྲངས།  དེ་བཞིན་ཉིན་ཞག་གཅིག་གི་གནས་ཚུལ་ཆ་ཚང་བཅས་རྒྱ་ནག་ཏུ་གནས་སྡོད་ K ཟེར་བར་མཁོ་སྤྲོད་ཀྱིས་ཨ་སྒོར་ ༧༦༠༠ ལྷག་ཙམ་སྤྲོད་ལེན་བྱས་ཡོད་པ་རེད་འདུག མ་ཟད་ Cheng ཟེར་བ་དེས་ Yu ཟེར་བའི་གང་ཟག་གཞན་ཞིག་དང་མཉམ་དུ་ Huang གི་འཕྲུལ་རྟའི་ཐོག་འགྲིམ་འགྲུལ་སྐབས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ཁོ་ཚོའི་མོ་ཊས་རྡབ་སྐྱོན་ཤོར་ཏུ་བཅུག་རྒྱུའི་ཇུས་ངན་བཤམས་ཏེ་ Huang གི་ལག་པ་དང་རྐང་པ་གཅོག་ཐབས་བྱས་ཡོད་པ་མ་ཟད།  Yu ཟེར་བ་དེས་ Fan དང་ Liao དེ་བཞིན་མི་གཞན་ཞིག་གླ་གཡར་བྱས་ཏེ་ཁོ་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ Huang ལ་རྡབ་སྐྱོན་ཤོར་དུ་བཅུག་རྒྱུའི་ཇུས་ངན་དེ་དངོས་སུ་ལག་བསྟར་བྱས་ཡོད་པ་རེད་འདུག མི་ལྔ་པོ་དེས་སྒྱུ་རྩལ་བ་ Huang གི་འཕྲུལ་རྟར་རྡབ་སྐྱོན་བཏང་བའི་རྗེས་སུ་རྨས་སྐྱོན་ཇི་ཙམ་བྱུང་ཡོད་མེད་ཀྱི་ཡིག་ཆ་དང་པར་རིས་ཁག་མཁོ་སྒྲུབ་བྱས་ཏེ་ཇུས་ངན་མངགས་གཏོང་བྱེད་མཁན་རྒྱ་ནག་ནང་གནས་སྡོད་ K ཟེར་བ་དེ་ལ་བསྐུར་ཡོད་པ་དང་། སྐབས་དེར་རྒྱ་ནག་ནང་གི་མི་དེས་ Huang ལ་གནོད་སྐྱོན་དེ་ཙམ་བཟོས་ཐུབ་མེད་པར་བརྗོད་དེ།  ལྷག་འཕྲོའི་རིན་པ་ཨ་སྒོར་ ༦༠༠༠ ལྷག་སྤྲད་མེད་པ་རེད་འདུག ཐའེ་པེའི་རྫོང་གི་ཁྲིམས་རྩོད་པས་འབྲེལ་ཡོད་ཁྲིམས་ཁང་ལ།  མི་ལྔ་པོ་དེ་དག་གིས་སྒྱུ་རྩལ་བ་ Huang ལགས་ཀྱི་ལུས་པོར་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་། སྒེར་གྱི་བྱ་འགུལ་དང་གསང་བའི་གནས་ཚུལ་རང་དབང་རྡོག་རོལ་བཏང་བའི་ཉེས་འཛུགས་གྱི་གྱོད་དོན་བཙུགས་ཏེ། Cheng ལ་ལོ་ ༥ དང་ཟླ་ ༦ གི་བཙོན་འཇུག་ཉེས་ཆད་གཏང་དགོས་པ་དང་།  Yu ཟེར་བ་དེ་ལ་ལོ་ ༥། དེ་བཞིན་གང་ཟག་གཞན་གསུམ་པོར་ལོ་ ༤ དང་། ལོ་ ༣ དང་ཟླ་ ༦། དེ་བཞིན་ལོ་ ༢ དང་ཟླ་ ༧ བཅས་སོ་སོར་ཉེས་ཆད་བཀལ་དགོས་པའི་ཞུ་སྐུལ་གནང་བ་དང་འབྲེལ། གནད་དོན་འདི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་ཏེ། དྲག་པོའི་བྱ་འགུལ་དེ་རིགས་ནི་མང་ཚོགས་ཀྱི་བདེ་འཇགས་དང་སྨྲ་བརྗོད་རང་དབང་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པ་གསུངས་འདུག རྩ་བའི་དེ་སྔོན་ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་དེ་མཚུངས་ཀྱི་ཐའེ་པེ་འགོད་བྲོའི་གཏམ་གླེང་སྐྱིད་སྡུག་གི་འདུ་འཛོམས་སར་རྒྱ་ནག་གི་འབྲེལ་ཡོད་མི་སྣས་སྒྱུ་རྩལ་བ་ Huang ལགས་ཀྱི་ཐོག་ལ་ཚོན་རྩི་ནག་པོ་དང་སྐྱག་གཅིན་གཡུག་སྟེ་གནོད་འཚེ་བསྐྱལ་ཐབས་ཀྱི་བྱ་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་།  སྐབས་དེར་ཐའེ་པེ་ཁྲིམས་རྩོད་པས་ཉེས་ཅན་པ་གང་ཟག་ ༢ འཛིན་བཟུང་གིས་ཉེས་འཛུགས་བྱས་ཡོད་པ་རེད། 

ཨེ་རི་ཛོ་ནཱ་ཡིས་རྒྱ་ནག་གི་ཉེན་བརྡ་ལ་མ་ལྟོས་པར་ཐའེ་ཝན་དོན་གཅོད་ཁང་གསར་པ་སྒོ་འབྱེད་བྱས་འདུག

རྒྱ་ནག་གཞུང་གིས་བཀག་འགོག་བྱེད་པའི་གནོན་ཤུགས་ལ་མ་ལྟོས་པར། ཨ་རིའི་ Arizona མངའ་སྡེའི་སྤྱི་ཁྱབ་ Katie Hobbs ལགས་ཀྱིས་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་འགོ་ཁྲིད་ཚོ་དང་ལྷན་དུ་ཁུལ་དེར་ཡོད་པའི་ཐའེ་ཝན་གྱི་ཚོང་ལས་དང་མི་སེར་རྣམས་ལ་རྒྱབ་སྐྱོར་བྱེད་ཆེད་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཤིག་དབུ་འབྱེད་གནང་འདུག དེ་ཡང་ཐའེ་ཝན་གྱི་དཔོན་རིགས་ཚོས་གསུང་དོན་ལྟར་ན།  ད་རེས་ཨེ་རི་ཛོ་ན་མངའ་སྡེའི་གྲོང་ཁྱེར་ Phoenix ནང་གསར་དུ་བཙུགས་པའི་ཐའེ་ཝན་དོན་གཅོད་ཁང་འདི་ནི་ཨ་རིའི་ནང་གི་ཁོང་ཚོའི་ལས་ཁུངས་ ༡༤ པ་དེ་ཡིན་ཞིང་། འདིས་འཕྲུལ་རིག་མཉམ་ལས་གོང་འཕེལ་གཏོང་རྒྱུར་རོགས་འདེགས་བྱེད་རྒྱུ་དང་ལྷག་པར་དུ་ Semiconductor འམ་ནུས་པ་ཅན་གྱི་གློག་ལམ་བཟོ་སྐྲུན་གྱི་ཐོག་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་ཐའེ་ཝན་གྱི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད། Arizona མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ The Associated Press ལ་མཁོ་སྤྲོད་བྱས་པའི་ཡིག་ཆའི་ནང་གསལ་ལྟར་ན། ཕྱི་ཟླ་ ༧ པའི་ནང་ཐའེ་ཝན་གྱི་ལས་ཁུངས་འདི་ཉིད་འཛུགས་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་རྗེས། Los Angeles ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མངའ་སྡེའི་སྤྱི་ཁྱབ་ལ་གྲོས་འཆར་དེར་ངོ་རྒོལ་བྱེད་དགོས་པ་དང་རྒྱ་ནག་དང་ Arizona བར་གྱི་འབྲེལ་བར་གནོད་སྐྱོན་གཏོང་སྲིད་པའི་བྱ་སྤྱོད་རྣམས་མཚམས་འཇོག་དགོས་པའི་སྐུལ་མ་བྱས་པ་མ་ཟད། ཁོང་ཚོས་ཕྱི་ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་ཡི་གེ་གཞན་ཞིག་གི་ནང་དུའང་ལངས་ཕྱོགས་དེ་ཉིད་བསྐྱར་ཟློས་བྱས་འདུག ཡི་གེ་དེ་དག་ནི་ཐོག་མར་ Phoenix རླུང་འཕྲིན་ཁང་ KJZZ ཡིས་གནས་ཚུལ་སྤེལ་བ་ཡིན་ཞིང་།  Arizona མངའ་སྡེའི་སྤྱི་ཁྱབ་ཀྱིས་རེས་གཟའ་ཟླ་བའི་དབུ་འབྱེད་མཛད་སྒོའི་ཐོག་ཨེ་རི་ཟོ་ནཱ་དང་ཐའེ་ཝན་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན་གསལ་སྟོན་གནང་ཡོད། Hobbs ལགས་ཀྱིས་ Arizona མངའ་སྡེའི་དཔོན་རིགས་ཚོས་ཐའེ་ཝན་དང་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད།  Arizona མངའ་སྡེས་ཐའེ་ཝན་གྱི་ཁེ་ལས་ཁག་རྒྱལ་ཁབ་དེའི་ནང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་གསུངས་འདུག དེའི་ཁྲོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Chang གིས་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གིས་རང་གི་ཐའེ་ཝན་ས་ཁུལ་དང་ཨ་རིའི་གཞུང་། དེ་བཞིན་ཨ་རིའི་དབུས་དང་མངའ་སྡེའི་གཞུང་གང་རུང་བར་གཞུང་ཕྱོགས་ཀྱི་འབྲེལ་བ་རྣམ་པ་ཅི་རིགས་བྱེད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་འདུག རྩ་བའི་ཐའེ་ཝན་གྱིས་ཨེ་རི་ཛོ་ནའི་ནང་དུ་ཚོང་ལས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད་པའི་ཁྲོད་ཐའེ་ཝན་གྱི་ Chip བཟོ་སྐྲུན་བྱེད་མཁན་གཙོ་བོ་ TSMC ཡིས་ Phoenix བྱང་ཕྱོགས་སུ་གཉེར་བའི་ལས་དོན་རྒྱ་སྐྱེད་གཏོང་ཆེད་ $100 billion ཨ་སྒོར་དུང་ཕྱུར་ ༡༠༠༠ མ་འཇོག་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། འདིས་ Phoenix ནང་གི་མ་འཇོག་ཁྱོན་ $265 billion ཨ་སྒོར་དུང་ཕྱུར་ ༢༦༥༠ བར་སྤར་ཏེ་དེ་ནི་ཨ་རིའི་ལོ་རྒྱུས་ནང་གི་ཕྱི་རྒྱལ་གྱི་མ་འཇོག་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག  Phoenix གྲོང་ཁྱེར་སྤྱི་ཁྱབ་པ་ Kate Gallego ཡིས་བརྗོད་པ་ལྟར་ན།  གྲོང་ཁྱེར་འདིའི་ནང་གི་ཐའེ་ཝན་མི་རིགས་སྤྱི་ཚོགས་ནི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཕྲུ་གུ་གསར་པ་སྐྱེས་པའི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཕྱུ་གུ་སྩལ་སའི་ཉལ་ཁང་ཁག་ཅིག་གིས་ཐ་ན་ཐའེ་ཝན་གྱི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་ཆེད་རྒྱ་སྐད་ཀྱི་ལས་གཞི་ཡང་འགོ་འཛུགས་བྱས་ཡོད་འདུག

ཐེ་ཝན་གཞོན་སྐྱེས་ཚོར་དམིགས་འབེན་དུ་བཟུང་བའི་རྒྱ་ནག་གི་དྲྭ་ཚིགས་ཤིག་ཐེ་ཝན་གཞུང་གིས་བཀག་འགོག་བྱས་འདུག

ཐེ་ཝན་གྱིས་རྒྱ་གཞུང་དང་འབྲེལ་བའི་ཡོད་པའི་དྲྭ་ཚིགས་ཤིག་གིས་ཡུལ་དེའི་གཞོན་སྐྱེས་ཚོར་རྒྱ་ནག་ནང་ཤེས་ཡོན་དང་ལས་ཀའི་གོ་སྐབས་བསྐྲུན་གྱི་ཡོད་ལུགས་ཀྱི་རྣམ་པའི་ཐོག་ནས་སྒེར་གྱི་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་པར་བཀག་འགོག་བྱས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཐེ་ཝན་གྱི་ Mainland Affairs Council ཞེས་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ།  ལྷན་ཁང་གི་འགན་འཛིན་གཞོན་པ་དང་མགྲིན་ཚབ་པ་གཅིག་ལྕོགས་ Liang Wen-chieh ལིང་ཝེན་ཅི་ཡིས།  ཐེ་ཝན་སྲིད་གཞུང་ངོས་ནས་རྒྱ་ནག་གི་དྲྭ་ཚིགས་ Taiwan Youth e-Home ཞེས་པ་དེས་ཐེ་ཝན་གཞོན་སྐྱེས་ཚོར་རྒྱ་ནག་རྒྱལ་ནང་དུ་ཤེས་ཡོན་དང་ལས་ཀའི་གོ་སྐབས་བསྐྲུན་གྱི་ཡོད་ལུགས་ཀྱི་རྣམ་པའི་ཐོག་ནས་ཟུར་དུ་ན་གཞོན་ཚོའི་སྒེར་གྱི་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་པར།  དེ་ནི་ཐེ་ཝན་འཚོ་འགག་གི་ཁྲིམས་ལུགས་དང་འགལ་བ་ཙམ་མིན་པར་ཐེ་ཝན་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་ཡིན་སྟབས།  སྲིད་གཞུང་ངོས་ནས་འབྲེལ་ཡོད་ལས་ཁུངས་ཁག་མཉམ་དུ་གྲོས་བསྡུར་གྱིས་དྲི་ཚིགས་དེ་བཀག་འགོག་བྱས་ཟིན་པ་ཡིན་ཞེས་གསུངས་འདུག ལིང་ཝེན་ཅི་ཡིས་བརྗོད་དོན་ལྟར་ན།  རྒྱ་ནག་གི་དྲྭ་ཚིགས་སྡིངས་ཆ་དེའི་ནང་དོན་ཁག་ཐེ་ཝན་འཚོ་འགག་གི་བཅའ་ཁྲིམས་དོན་ཚན་ ༢༣ དང་།  ༣༣།  ༣༤ བཅས་དང་འགལ་ཡོད་པ་དང་།  བཅའ་ཁྲིམས་དེ་དག་གིས་རྒྱ་ནག་གི་ཤེས་ཡོན་ལྟེ་གནས་ཁག་གི་ལས་མི་གསར་འཇུག་གི་བྱ་བ་དང་།  ཐེ་ཝན་གྱི་མི་སྣ་རྒྱ་ནག་གུང་ཁྲན་ཏང་ངམ་ཆབ་སྲིད་ཚོགས་ཁག་གི་ལས་གནས་སུ་འཛུལ་བའི་གནས་སྟངས།  དེ་བཞིན་རྒྱ་ནག་གི་དངོས་ཟོག་དང་ཞབས་ཞུའི་ཁྱབ་བསྒྲགས་ཀྱི་བྱེད་སྒོ་བཅས་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད།  གང་ལྟར་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་དེའི་རྗེས་སུ།  བཅའ་ཁྲིམས་དོན་ཚན་ ༣༣ པ་དེ་གནད་དོན་དེ་དང་འབྲེལ་ཡོད་པར་བརྗོད་འདུག་ལ།  རྒྱུ་མཚན་དུ་རྒྱ་ནག་གི་དྲྭ་ཚིགས་སྡིངས་ཆ་དེས་ Communist Youth League of China ཞེས་རྒྱ་ནག་གུང་ཁྲན་ཏང་གི་གཞོན་ནུའི་མཉམ་འབྲེལ་ཚོགས་པའི་ནང་དུ་ལས་ཀའི་སྦྱོང་བརྡར་གྱི་གོ་སྐབས་སྐོར་ཁྱབ་བསྒྲགས་བྱས་ཡོད་པར།  ཚོགས་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ལས་དོན་གཉེར་མཁན་ཡིན་པ་མངོན་གསལ་གནང་འདུག སྤྱིར་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་ Taiwan Youth e-Home ཞེས་པའི་དྲྭ་ཚིགས་དེ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ཐེ་ཝན་མཚོ་འགག་གི་གཞོན་སྐྱེས་ཚོར་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཡིན་ལུགས་ལ་དམིགས་ཏེ་སྒོ་འབྱེད་བྱས་པ་ཞིག་ཡིན་པ་བཤད་ཡོད་པ་དང་།  དྲྭ་ཚིགས་སྡིངས་ཆ་དེས་ཐེ་ཝན་གཞོན་སྐྱེས་ཚོར་ལས་ཀ་དང་སྦྱོང་བརྡར།  ཤེས་ཡོན་བརྗེ་རེས་སོགས་ཀྱི་གོ་སྐབས་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག་ལ།  དེས་ཐེ་ཝན་ན་གཞོན་ཚོར་དྲྭ་ཐོག་ནས་ལས་གནས་འཚོལ་ཞིབ་དང་ཞུ་སྙན་འབུལ་ཐུབ་ཀྱི་ཡོད་པ་བཤད་འདུག  གཞན་ཡང་ད་བར་དྲྭ་ཐོག་སྡིངས་ཆ་དེའི་ནང་ཁེ་ལས་ ༢༠༠༠ ཙམ་གྱི་ལས་ཀའི་གོ་སྐབས་ ༦༠༠༠ མ་ཟིན་ཙམ་བཀོད་ཡོད་པ་དེ་ལྟར་ཡང་།  གནས་ཚུལ་ནང་གསལ་དྲྭ་ཚིགས་ཁ་སང་རེས་གཟའ་ཕུར་བུའི་ཕྱི་དྲོ་ཆུ་ཚོད་ ༦ པ་ནས་བཀག་འགོག་ཟིན་ཡོད་འདུག རྩ་བའི་རྒྱ་ནག་གི་ Taiwan Youth e-Home ཞེས་པའི་དྲྭ་ཚིགས་དེ་ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་ཐེ་ཝན་གཞོན་སྐྱེས་ཚོར་དམིགས་འབེན་དུ་བཟུང་སྟེ་སྒོ་འབྱེད་བྱས་ཡོད་པ་དང་།  ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཐེ་ཝན་ལས་དོན་ལྷན་ཁང་གིས་གཞུང་འབྲེལ་ཐོག་སྡིངས་ཆ་དེ་ནི་ཐེ་ཝན་མཚོ་འགག་གི་གཞོན་སྐྱེས་ཚོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ལེགས་པར་བྱེད་ཆེད་དུ་ཡིན་སྐོར་སོགས་ངོ་སྤྲོད་བྱས་ཡོད་པ་དེ་ལྟར་ཡང་།  ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་དྲྭ་ཚིགས་སྡིངས་ཆ་དེས་ཐེ་ཝན་ན་གཞོན་ཚོའི་སྒེར་གྱི་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་པར།  ཕྱིས་སུ་དེ་དག་བེད་སྤྱོད་ལོག་པར་གཏང་སྟེ་གཞོན་སྐྱེས་ཚོར་གནོན་ཤུགས་རིགས་སྤྲད་སྲིད་པ་སོགས་ཀྱི་སེམས་འཚབ་ཆེད་འདོན་གནང་བར།  ཕྱི་ཚེས་ ༢༩ ཉིན་རྒྱ་ནག་ཐེ་ཝན་ལས་དོན་ལྷན་ཁང་གིས།  ཐེ་ཝན་དུ་ལས་ཀ་འཚོལ་ཞིབ་ཀྱི་དྲྭ་ཐོག་སྡིངས་ཆ་གང་དུ་སྙན་ཞུ་འབུལ་སྐབས་གང་ཟག་གི་མིང་དང་ལོ་རྒྱུས་མཁོ་སྤྲོད་བྱེད་མི་དགོས་སམ་ཞེས་སྐྱོན་འཛུགས་དེ་དག་ནི་མཐའ་གཅིག་ཏུ་འཁྱོག་བཤད་ཡིན་པ་བཤད་ཡོད་པ་རེད། 

རྒྱ་ནག་ནང་ཆོས་ཕྱོགས་ཀྱི་གནད་དོན་ཐད་ཐའེ་ཝན་མི་སེར་འཛིན་བཟུང་ཇེ་མང་འགྲོ་བཞིན་པ་གསལ་སྟོན།

རྒྱ་ནག་ནང་ཆོས་ཕྱོགས་ཀྱི་གནད་དོན་དང་འབྲེལ་ནས་གང་འབྱུང་འཛིན་བཟུང་བཀག་ཉར་རིམ་པར་བྱེད་བཞིན་པའི་ཁྲོད། འདས་པའི་ཟླ་བ་ ༣ ནང་ཐའེ་ཝན་མི་སེར་འཛིན་བཟུང་བྱས་པ་བརྒྱ་ཆ་ ༥༠ འཕར་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཐའེ་ཝན་གཞུང་གིས་ཆེད་བཙུགས་གནང་བའི་ཕྱེད་གཞུང་འབྲེལ་ཚོགས་པ་ Straits Exchange Foundation ཞེས་པའི་དྲྭ་གནས་ཐོག Mainland Affairs Council ཞེས་ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཞིབ་འཇུག་གྲུབ་དོན་དུ། ཕྱི་ལོ་ ༢༠༢༤ ལོ་ནས་འདི་ཚེས་ ༢༢ བར། རྒྱ་ནག་ནང་ཐའེ་ཝན་མི་སེར་བོར་བརླག་ཏུ་སོང་བ་དང་། བཀག་ཉར་བྱས་པ། ཡང་ན་བཙོན་འཇུག་བྱས་པ་ཁྱོན་གྲངས་ ༤༠༢ བྱུང་བ་གསལ་སྟོན་གནང་འདུག་པ་མ་ཟད། རྒྱ་ནག་ནང་བཀག་ཉར་བྱས་པའི་ཐའེ་ཝན་མི་སེར་གྱི་གྲངས་འབོར་ཟླ་རེར་ ༡༦ ནས་ ༡༨ བར་འཕར་བཞིན་ཡོད་ཅིང་།  རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་ཁྲིམས་ལུགས་མཉམ་ལས་གྲོས་མཐུན་ལ་བརྩི་འཇོག་མ་བྱས་པར། མི་སེར་བཀག་ཉར་བྱས་པའམ་བརླག་པའི་གནས་ཚུལ་ཕྱོགས་གཞན་ལ་བརྡ་ལན་སྤྲོད་དགོས་པའི་གྲོས་མཐུན་ལག་བསྟར་མ་བྱས་པའི་ཉེས་འཛུགས་བྱས་འདུག Straits Exchange Foundation ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Luo Wen-jia ཡིས། ཚོགས་པས་ཉུང་མཐར་ཡང་ཐའེ་ཝན་མི་སེར་ ༡༩ བཀག་ཉར་གྱི་གྱོད་དོན་ཐོ་འགོད་བྱས་ཡོད་ཅེས་གསུངས་ཏེ། བཀག་ཉར་བྱས་པའི་མི་ཁ་ཤས་ནི་རྒྱ་ནག་ནང་ལོ་མང་རིང་སློབ་ཁྲིད་བྱས་མྱོང་མཁན་དང་། མ་རྩ་འཇོག་མཁན། ཚོང་པ། གནས་སྐོར་བ། དེ་བཞིན་རིག་གཞུང་དང་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞིར་ཞུགས་མཁན་རྣམས་ཡིན་སྐོར་དང་། Mainland Affairs Council ཞེས་ཐའེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས། རྒྱ་ནག་ནང་འགྲིམ་འགྲུལ་བྱེད་སྐབས་ Orange Alert འམ་ཉེན་ཁ་དེ་ཙམ་མེད་པ་བརྗོད་ཡོད་ཀྱང་། དོན་དངོས་སུ་དེ་ནི Red Alert འམ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་དགོས་པ་དང་། མང་ཚོགས་རྣམས་ལ་རྒྱ་ནག་ཏུ་འགྲིམ་འགྲུལ་བྱ་མཚམས་བཞག་དགོས་པ། ལྷག་པར་དུ་ Yiguandao ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་རྒྱ་ནག་ནང་བཀག་ཉར་བྱེད་པའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད་ཅེས་ཉེན་བརྡ་བཏང་འདུག མ་ཟད་ད་བར་ཚོགས་པས་ཤེས་རྟོགས་བྱུང་བའི་པའི་གྱོད་དོན་ ༡༩ ལས་མང་བ་ཡོད་ཀྱང་། ཁྱིམ་ཚང་ཁ་ཤས་ཀྱིས་རང་ཉིད་ཀྱི་གཉེན་ཉེ་བཀག་ཉར་བྱས་པའི་གནས་ཚུལ་དབང་འཛིན་ལ་མི་བརྗོད་པའི་གདམ་ག་བྱེད་ཀྱི་ཡོད་ཅིང་། འདས་པའི་ཟླ་ ༡༨ རིང་ཚོགས་པས་རྒྱ་ནག་ནང་ཐའེ་ཝན་མི་སེར་ ༢༢༥ བརླག་པའི་ཞུ་སྙན་བྱུང་བ་དང་། དེའི་ནང་ ༩༡ ད་དུང་ཡང་གར་ཡོད་མི་ཤེས་པའི་གནས་སུ་གྱུར་ཡོད། མི་རེ་འགའ་ཕྱིས་སུ་ཐའེ་ཝན་ལ་ལོག་ཡོད་པ་དང་། ཁ་ཤས་ནི་བཀག་ཉར་བྱས་ཡོད་པ་ར་འཕྲོད་བྱུང་ཡང་། གྱོད་དོན་རེ་རེའི་རྒྱབ་ལྗོངས་མི་འདྲ་བ་ཡིན་པ་གསུངས་འདུག རྩ་བའི་རྒྱ་གཞུང་གིས་ཆོས་ཕྱོགས་དང་འབྲེལ་དམ་དྲག་གམ་གང་བྱུང་འཛིན་བཟུང་རིམ་པར་བྱེད་བཞིན་པའི་ཁྲོད། བོད་མི་ལྟ་བུར་མཚོན་ན་བོད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་ཉར་རྒྱུའི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་འབྲེལ། ཉེ་ལམ་འདི་ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་ཝུ་ཧན་ནས་ཡིན་པའི་མང་གཙོ་དོན་གཉེར་ཅན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི་ Zhang Yi ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་བསྟན་པའི་རྗེས། ཁོང་ལ་སྤྱི་ཚོགས་འཁྲུག་གཞིའི་ངན་བྱུས་སྤེལ་བའི་ནག་ཉེས་འོག་འཛིན་བཟུང་གིས་དོ་དམ་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཐེ་ཝན་སྲིད་འཛིན་མཆོག་གིས་མང་གཙོ་ཅན་གྱི་ཐེ་ཝན་ཏེ་རྒྱ་ནག་གི་ཐེ་ཝན་དུ་འགྱུར་རྒྱུ་མེད་ཅེས་གསུངས་འདུག

ཁ་སང་རེས་གཟའ་ཉི་མའི་ཉིན་ཐེ་ཝན་སྲིད་འཛིན་ Lai Ching-te མཆོག་གིས་གཞུང་འཛིན་ Democratic Progress Party (DDP) མང་གཅོ་ཡར་ཐོན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐོག  རང་རྒྱལ་ཁབ་ཀྱི་མང་གཙོ་སྲུང་སྐྱོབ་ཐད་ཚང་མས་མཉམ་རུབ་གནང་དགོས་པ་དང་།  མང་གཙོ་ཅན་གྱི་ཐེ་ཝན་ཏེ་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་འགྱུར་རྒྱུ་མེད་པ་མ་ཟད།  རྒྱ་ནག་དམར་ཤོག་ཚོགས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་གནང་འདུག རྩ་བའི་ལོ་གཉིས་གོང་དུ་འོས་བསྡུའི་རྒྱལ་ཁབ་ཐོབ་པའི་སྲིད་འཛིན་ལའེ་མཆོག་དང་ཁོང་གི་གཞུང་འཛིན་ DDP མང་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོ་བོར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། རྒྱ་གཞུང་ངོས་ནས་ཡུལ་དེ་ཉིད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་རྩིས་པའི་ཐོག་དེར་དྲག་པོའི་འཇིགས་སྐུལ་སོགས་ཐབས་ཤེས་འདྲ་མིན་གྱི་བདག་དབང་རྩོད་བཞིན་ཡོད་པ་རེད། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ལོ་འཁོར་ཚོགས་ཐོག་སྲིད་འཛིན་ Lai Ching-te མཆོག་གིས།  ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་ལག་བསྟར་བརྒྱུད་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་ཕྱོགས་ཕྱོགས་སུ་གནས་སྡོད་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་ཚོར་ཁྲིམས་མཐུན་གྱི་ཉེས་ཆད་གཅོད་ཆོག་གི་ཡོད་ལུགས་བཤད་ཀྱི་ཡོད་པའི་གནས་སྟངས་སྐོར་དང་འབྲེལ།  ཐེ་ཝན་ངོས་ནས་ད་ལྟའི་ཞི་བདེའི་ལྷིང་འཇགས་ཀྱི་སྐབས་སུའང་རྒྱ་ནག་གི་བྱ་འགུལ་དེ་རིགས་ལ་དོགས་ཟོན་བྱེད་དགོས་པ་གསུངས་འདུག སྲིད་འཛིན་མཆོག་གིས་ད་དུང་ཆེད་མངགས་ཐེ་ཝན་ཡུལ་སྐད་དུ་བློ་མཐུན་ཚོགས་མི་ཚོར་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་སྤྱི་ཚོགས་ཐོག་བཟོ་བཞིན་པའི་ཉེན་ཁ་ལ་གྲལ་གྱི་མདུན་དུ་ལངས་ནས་ངོ་རྒོལ་བྱེད་དགོས་པའི་རེ་བ་འཆང་གི་ཡོད་པ་གསུངས་འདུག་པ་དང་།  ང་ཚོས་ངེས་པར་དུ་མཉམ་རུབ་ཀྱི་ཐོག་ནས་སོ་སོའི་མང་གཙོ་དང་རང་དབང་གི་འཚོ་བ་སྲུང་སྐྱོབ་དགོས་པ་མ་ཟད།  མང་གཙོ་ཅན་གྱི་ཐེ་ཝན་ཏེ་དུས་ནམ་ཡང་རྒྱ་ནག་གི་ཐེ་ཝན་དུ་འགྱུར་བར་བཀག་འགོག་བྱེད་དགོས་པ།  ལྷག་པར་དུ་མི་རིགས་གང་ཡིན་དང་སུ་འདྲ་ཞིག་སྔ་རྗེས་ཡུལ་འདིར་སླེབས་པ་ལ་མ་ལྟོས་པར།  ཐེ་ཝན་གྱི་ངོ་བོ་འཛིན་མཁན་ཚང་མ་རྒྱལ་ཁབ་འདིའི་བདག་པོ་ཡིན་པ་ནན་བརྗོད་དང་འབྲེལ།  ཐེ་ཝན་གྱི་མ་འོངས་གནས་བབ་སྟེ་ཐེ་ཝན་མི་མང་ས་ཡ་ ༢༣ གྱིས་མཉམ་དུ་ཐག་གཅོད་བྱེད་ཀྱི་རེད་ཅེས་དང་།  འདས་པའི་ལོ་ངོ་བཅུའི་རིང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་གཞུང་གི་སྐབས་སུ་ཐེ་ཝན་ངོ་ནས་དབང་ཆ་སྒེར་གཅོད་རྒྱ་སྐྱེད་དང་།  གནས་ཚུལ་རྫུན་མའི་འཇབ་རྒོལ།  དམག་དོན་གྱི་འཇིགས་སྐུལ།  ཕྱི་འབྲེལ་གྱི་གནོན་ཤུགས་བཅས་ཀྱི་མདུན་དུ་མགོ་བོ་ནམ་ཡང་སྒུར་མེད་ཅེས།  ཐེ་ཝན་གྱིས་འཛམ་གླིང་ལ་མང་གཙོ་ནི་ཞན་ཆ་ཞིག་མིན་པར་དེ་ནི་སྟོབས་ཤུགས་ཡིན་པ་བསྟན་ཡོད་པ་གསུངས་འདུག གཞི་རྩའི་ཕྱི་ལོ་ ༡༩༤༩ ལོར་མའོ་ཙེ་ཏུང་གི་གུང་ཁྲན་ཏང་དང་དམག་འཁྲུག་ཤོར་རྗེས་ཕམ་ཉེས་བྱུང་བའི་གོ་མིང་ཏང་གི་སྲིད་གཞུང་ཐེ་ཝན་དུ་བྲོས་བྱོལ་ལ་ཕྱིན་པ་དང་།  དུས་དེ་ནས་བཟུང་ད་བར་ཕྱོགས་གཉིས་ཀྱིས་ཕན་ཚུན་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད།  རྒྱ་ནག་གིས་ཐེ་ཝན་མཚོ་གླིང་སྟེ་རྒྱ་ནག་ལྷན་དུ་ཟླ་སྒྲིལ་བཏང་སྟེ་མེ་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་རྒྱུའི་ཐབས་ཤེས་ཇི་ཡོད་ལག་བསྟར་བརྒྱུད་དུས་ནས་དུས་སུ་ཐེ་ཝན་ས་མཚམས་ཉེ་འགྲམ་དུ་དམག་སྦྱོང་སོགས་ཀྱི་བརྒྱུད་སྡིགས་ར་སྐུལ་གྱི་ཡོད་པ་རེད།

དཔའ་བོ་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གི་ཁྲིམས་གསར་པར་ངོས་ལེན་མེད་པའི་ལས་འགུལ།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་ཕུལ་བ་དང་བསྟུན། ནིའུ་ཡོག་གཙོས་པའི་ཁེ་ན་ཌ་དང་རྒྱ་གར། ཡོ་རོབ་སོགས་ཀྱི་ནང་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་དང་སྤེལ་མུས་ཁྲོད། ཁ་སང་ཕྱི་ཚེས་ ༡༥ དེ་བཞིན་དམ་པ་དེ་ཉིད་ཀྱི་བདུན་ཚིགས་གཉིས་པ་འཁེལ་གྱི་ཡོད་སྟབས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དང་། རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་སོགས་སུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རྒྱ་ཆེ་སྤེལ་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཐའེ་ཝན་ནང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། བོད་རིགས་ཚོགས་པ། དེ་བཞིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྣེ་ཁྲིད་འོག་ཁུལ་དེའི་ Liberty Square ཞེས་པའི་ས་ཚིགས་སུ་དགོང་མོ་ཕྱག་ཚོད་ ༧།༣༠ ཙམ་ལ་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་སྤུལ་ཁག་དང་། བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མང་ཚོགས་ ༣༠༠ ཙམ་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་མྱ་ངན་གུས་འདུད་དང་། འདི་ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོས་ལེན་རྩ་བ་ནས་མེད་པའི་ལས་འགུལ་སྤེལ་འདུག་ཅིང་། དེ་འབྲེལ་ལས་འགུལ་ཁོངས་མཉམ་ཞུགས་གནང་མཁན་ཐའེ་ཝན་མི་སེར་ Tess Cheng ལགས་ཀྱིས་ཐེ་ཝན་དང་བོད། ཧོང་ཀོང་། ཤིན་ཅང་བཅས་ནི་རྒྱ་ནག་གི་ཡུན་རིང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་གནས་བཞིན་ཡོད་པ་དང་། སྤྱིར་རྒྱལ་གཅེས་པ་ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་གནང་བའི་དོན་རྐྱེན་དེ་བཞིན་ཕྱི་རྒྱལ་དུ་བྱུང་ཡོད་ཀྱང་། དེ་ནི་ང་ཚོའི་དཀའ་ངལ་དང་གཅིག་འགྱུར་ཆགས་ཀྱི་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། དེ་བཞིན་དཔའ་བོོ་བློ་དགའ་རང་བཙན་ལགས་སུ་མྱ་ངན་མཚོན་ཆེད་ SFT-Itanagar ཞེས་ཨི་ཊ་ན་གྷར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་སྟེ་འདི་ཚེས་ ༡༣ ཉིན་ཁུལ་དེའི་ཐུབ་བསྟན་དགའ་ཚལ་གླིང་དགོན་པར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་འདུག་པ་དང་། འདུ་འཛོམས་དེའི་ཚོགས་པས་ངོས་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཁས་ལེན་བསྐྱར་ནན་དང་ཆབས་ཅིག བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ཅིང་། ལས་འགུལ་དེའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་བོད་ཀྱི་གནད་དོན་ཞི་བདེ་དང་དྲང་བདེན། མཐུན་སྒྲིལ་གྱི་ཐོག་ནས་ཐག་གཅོད་གནང་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་འདུག མ་ཟད་རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་དུའང་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷར་བཅས་ཀྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་། བུད་མེད་ལྷན་ཚོགས། དེ་བཞིན་མའེ་སོར་བཅའ་བཞུགས་བོད་རིགས་སློབ་ཕྲུག་མཐུན་ཚོགས་ནས་གོ་སྒྲིག་འོག་རྔམ་སྟོན་ལས་འགུལ་གནང་འདུག་པ་དང་། གཞན་ཡང་བསྟན་འཛིན་སྒང་དང་། Italy རྒྱལ་ས་ Rome སོགས་ནང་དུ་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད། ཕྱོགས་མཚུངས་དམ་པ་ཁོང་གི་བདུན་ཚིགས་གཉིས་པ་དང་བསྟུན་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཞུགས་སྒར་རྡ་སའི་ཐང་ཁྲོམ་ཚོགས་པས་མཆོད་འབུལ་སྨོན་གོ་སྒྲིག་གནང་ཡོད་པ་དང་། འདི་ཚེས་ ༡༨ དེ་རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག གཙུག་ལག་ཁང་གི་ཉེ་འཁྲིས་རླང་འཁོར་འབབ་ཚུགས་ནས་ཉེན་རྟོག་ཐང་ཆེན་བར་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་རེད་འདུག

ཐེ་ཝན་གྱིས་རྒྱ་ནག་མི་རིགས་ཚོས་རང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་གསར་བཟོ།

ཐེ་ཝན་སྲིད་གཞུང་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་མི་རིགས་ཁྲོད་རང་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་མི་དགའ་བའམ་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བ་གཏོང་འདོད་ཡོད་མཁན་ཚོར་དམིགས་ཏེ་རྒྱ་ནག་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་ཤིག་གསར་བཟོ་བྱས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཐེ་ཝན་བདེ་འཇགས་ལས་ཁུངས་ཀྱིས་དྲྭ་ཐོག་བསྒྲགས་གཏམ་ཞིག་གི་ནང་།  ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཇེ་ཆེར་འཕྲད་བཞིན་ཡོད་པ་དང་ཆབས་ཅིག་ཆབ་སྲིད་དབང་སྒྱུར་གྱི་དམ་དྲག་དེ་བས་ཀྱང་མཁྲེགས་པོར་གནས་ཡོད་སྟབས།   ཡུལ་དེའི་ནང་སྤྱི་ཚོགས་དང་འཚོ་བའི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་མ་ཟད།  རང་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་འདོད་བློ་མི་ཁེངས་པའི་བསམ་བློ་ཡང་ཇེ་ཆེར་འགྲོ་བཞིན་པར་བརྟེན།  རྒྱ་མི་རིགས་ཁྲོད་ནས་མང་དག་ཅིག་གིས་ཐེ་ཝན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་རྒྱ་ནག་གི་གསང་བའི་གནས་ཚུལ་སྣ་ཚོགས་མཁོ་སྤྲོད་བྱེད་འདོད་ཡོད་སྐོར་འབྲེལ་གཏུགས་བྱེད་ཀྱི་ཡོད་པ་གསལ་འདོན་གནང་འདུག ཐེ་ཝན་གྱིས་རྒྱ་ནག་གཞུང་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་གསར་བཟོ་བྱས་པ་དེ་ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ཡུལ་དེར་གསང་མྱུལ་བྱས་པའི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པ་དེར་གདོང་ལེན་བྱ་ཆེད་དུ་དམིགས་པ་ཞིག་རེད་འདུག་ལ།  ཐེ་ཝན་བདེ་འཇགས་ལས་ཁུངས་ཀྱིས་ཐབས་ཇུས་གསར་པ་དེ་བཞིན་ཨ་རི་དང་།  དབྱིན་ཡུལ།  ཨི་སི་རལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གི་ལམ་སྲོལ་ནས་མིག་དཔེར་བླངས་པ་ཞིག་ཡིན་པ་བརྗོད་འདུག་པ་མ་ཟད།  རྒྱ་ནག་དང་ཕྱི་རྒྱལ་དུ་གཏན་སྡོད་བྱེད་མཁན་རྒྱ་རིགས་ཚོའི་ངོས་ནས་སྙིང་སྟོབས་ཆེན་པོས་ཐོག་རྒྱ་གཞུང་གི་གསང་བའི་གནས་ཚུལ་ཇི་ཡོད་དྲྭ་ཚིགས་དེའི་བརྒྱུད་མཁོ་སྤྲོད་བྱེད་དགོས་པའི་སྐུལ་མ་བྱས་འདུག ཐེ་ཝན་གྱིས་གསར་བཟོ་བྱས་པའི་དྲྭ་ཚིགས་ནང་འཛུལ་སྐབས་ཐོག་མར་མིས་བཟོས་རིག་ནུས་ལས་གྲུབ་པའི་སྐར་མ་གཅིག་རིང་གི་ཁྱབ་བསྒྲགས་བརྙན་ཐུང་ཞིག་མངོན་རྒྱུ་ཡོད་པ་དང་།  དེའི་ནང་རྒྱ་ནག་གི་སྲི་ཞུ་ལས་བྱེད་ཚོ་རིམ་པས་སྲིད་གཞུང་གིས་མ་ཉེས་ཁ་གཡོག་བརྒྱུད་རྟོག་ཞིབ་འོག་གོ་གནས་ནས་ཕྱིར་འབུད་གཏོང་བཞིན་པ་བསྟན་ཏེ།  ད་ནི་བསྒྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ།  གཞན་ཡང་དྲྭ་ཚིགས་དེའི་ནང་གསང་བའི་གནས་ཚུལ་ཇི་ལྟར་མཁོ་སྤྲོད་བྱ་དགོས་པའི་སྐོར་གྱི་རྒྱུད་རིམ་བསྟན་འདུག  སྤྱིར་ཐེ་ཝན་གྱི་དྲྭ་ཚིགས་དེ་རྒྱ་ནག་ནང་དུ་བཀག་སྡོམ་བྱས་ཡོད་ཀྱང་།  རྒྱ་རིགས་མང་པོས་ VPN ལྟ་བུའི་མཉེན་ཆས་དང་བརྒྱུད་ལམ་བེད་སྤྱོད་བྱས་ཏེ་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དྲྭ་ཚིགས་གཞན་ནང་འཛུལ་ཞུགས་བྱེད་ཀྱི་ཡོད་པ་ལྟར་ཐེ་ཝན་གྱི་དྲྭ་ཚིགས་དེའི་ནང་དུའང་འཛུལ་ཞུགས་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གིས་མང་གཙོའི་སྲིད་གཞུང་ལྡན་པའི་ཐེ་ཝན་རྒྱལ་ཁབ་དེ་བཞིན་རྒྱ་ནག་གི་མངའ་ཁོངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཐེ་ཝན་གྱིས་དེ་ལྟར་ཁས་ལེན་བྱེད་ཀྱི་མེད་པར་བརྟེན།  རྒྱལ་ཁབ་ཕྱོགས་གཉིས་ནས་དུས་ཡུན་རིང་པོར་ཕན་ཚུན་གསང་མྱུལ་གྱི་ལས་དོན་ལ་འཇུག་ཡོད་པ་མ་ཟད།  ཐེ་ཝན་ནས་རྒྱ་ནག་གཞུང་གི་གསང་མྱུལ་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པའི་སྐོར་གྱི་སྙན་ཐོ་ཡང་རིམ་པས་འདོན་སྤེལ་གནང་ཡོད་པ་རེད་ལ།  འདས་པའི་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གིས་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཟེར་བ་ཚོའི་ནག་ཉེས་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་སའི་གློག་འཕྲིན་ཁ་བྱང་ཞིག་ཀྱང་གསལ་བསྒྲགས་བྱས་ཡོད་པ་རེད། 

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སྐོར་བཅར་འདྲི།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༩ ལོར་ཐོག་མ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཐའེ་ཝན་རྒྱལ་ཡོངས་རང་བཞིན་གྱི་ཚད་ལྡན་དེབ་སྐྱེལ་ཡོད་པའི་ཁེ་མེད་ཚོགས་པ་ཞིག་ཡིན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ཁྱད་ཆོས་དང་གནང་སྒོ་ཁག་རྒྱུན་འཛིན་ཙམ་མ་ཡིན་པར་རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་བཅས་དང་ལྷན་དུ་བགྲོ་གླེང་དང་བསྟན་པ་སྤྱི་ཚན་ལ་དམིགས་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་སྤེལ་གྱི་ཡོད་པ་རེད་འདུག ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་དང་མཐུན་སྒྲིལ་ཐོག་ལས་དོན་སྤེལ་བཞིན་ཡོད་པ་དང་། ཚོགས་པ་དེའི་ནང་ཚོགས་མི་ལྟ་བུ་མཚོན་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་འཐུས་ཚབ་ཡོད་པ་ཞིག་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་ལགས་སུ། ཚོགས་པ་དེ་ཐོག་མ་གསར་འཛུགས་གནང་བའི་བརྒྱུད་རིམ་དང་། དམིགས་ཡུལ། དེ་བཞིན་ལས་དོན་གལ་ཆེན་ཁག ལྷག་པར་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་བརྒྱུད་དང་ལྷོ་བརྒྱུད་ནང་བསྟན་ལྷན་དུ་མཉམ་ལས་གནང་ཕྱོགས། དེ་བཞིན་བོད་བརྒྱུད་ནང་བསྟན་དང་བརྒྱུད་པ་གཞན་བར་ཆོས་ཕྱོགས་ཀྱི་གནང་སྒོ་ལ་ཁྱད་པར། མ་ཟད་མ་འོངས་ལས་དོན་གནང་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་གནང་ཡོང་བ་ཞུ།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།

ལོ་ལྟར་ཇི་ནི་ཝར་འཚོགས་པའི་ World Health Assembly ཞེས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཐེངས་ ༧༩ འཚོག་བཞིན་པ་དང་བསྟུན། ཐའེ་ཝན་གཞུང་ཚབ་ཁང་ནས་འགྲེམས་སྟོན་མཛད་སྒོ་ཤིག་འཚོགས་ཡོད་པ་དང་། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་མཉམ་ཞུགས་ཐོག་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་ལྷན་མཇལ་འཕྲད་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༡༨ ནས་ ༢༣ བར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་འཚོག་བཞིན་པ་དང་བསྟུན། ཁ་ཉིན་ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༡༩ བར་ཐའེ་ཝན་གཞུང་ཚབ་ཁང་ནས་སུད་སིའི་གྲོང་ཁྱེར་ Geneva ནང་དུ་རྟེན་གཞི་བྱས་པའི་ Hotel President ཞེས་སྲིད་འཛིན་འགྲོན་ཁང་ནང་དུ། Taiwan Smart medical & Health Tech Expo ཞེས་ཐའེ་ཝན་གྱི་ཤེས་རབ་གསོ་རིག་དང་འཕྲོད་བསྟེན་ཐོན་ལས་འགྲེམས་སྟོན་གོ་སྒྲིག་གནང་ཡོད་པ་དང་། འདི་ནི་ཐའེ་ཝན་གཞུང་ཚབ་ཁང་གིས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནང་མཉམ་ཞུགས་བྱེད་པར་འབད་བརྩོན་གནང་བཞིན་པའི་ལས་འགུལ་གྱི་ཆ་ཤས་ཡིན་པ་གསུངས་འདུག མ་ཟད་ཁ་ཉིན་ཐའེ་ཝན་གཞུང་ཚབ་ཁང་གིས་འགྲོན་འབོད་གནང་བ་ལྟར། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་རྣམ་གཉིས་ལྷན་ཞུགས་ཀྱིས་ཐའེ་ཝན་གཞུང་གི་ཕྱི་འབྲེལ་བློན་ཆེན་མཆོག་དང་། དེ་བཞིན་ཐའེ་ཝན་གཞུང་ཚབ་པ། ཐའེ་ཝན་གཞུང་གི་རྒྱལ་སྤྱིའི་ཚོང་ལས་ལྷན་ཁང་གི་གཞུང་ཚབ་པ་སོགས་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག གནད་དོན་དེ་འབྲེལ་འདི་གའི་གསར་འགོད་པས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱིར་ཁ་ཉིན་འཕྲོད་བསྟེན་དང་འབྲེལ་བའི་འགྲེམས་སྟོན་འདིར་ཁོང་ཉིད་བཅར་རྒྱུ་བྱུང་བ་འགྲེལ་བརྗོད་ཀྱིས། སྐབས་དེར་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་སྐབས་ཁོང་ཉིད་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གླེང་སློང་གནང་ཡོད་པ་དང་། ཕྱི་སྲིད་བློན་ཆེན་མཆོག་ནས་ཀྱང་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ་གསལ་སྟོན་གནང་བ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོས་འཚམས་འདྲི་ཞུས་གནང་བ་དང་མགོན་པོ་༸གང་ཉིད་མཆོག་ནས་ད་བར་ཐའེ་ཝན་ནང་ཐེངས་གསུམ་ཙམ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པས་མ་འོངས་ཐའེ་ཝན་རྒྱལ་ཁབ་ནང་ཆིབས་སྒྱུར་གནང་རྒྱུའི་ཐུགས་རེ་ཡོད་སྐོར་གསུངས་བ་འགྲེལ་བརྗོད་གནང་སོང་། རྩ་བའི་འགྲེམས་སྟོན་མཛད་སྒོ་དེར་ཐའེ་ཝན་ཕྱི་འབྲེལ་བློན་ཆེན་མཆོག་དང་། འཕྲོད་བསྟེན་བློན་ཆེན་མཆོག་གིས་གཙོས་པས་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་དང་། གསར་འགོད་པ། མི་མང་བཅས་འདུ་འཛོམས་གནང་འདུག་ཅིང་། སྐབས་དེར་ཐའེ་ཝན་གྱི་ཞིབ་འཇུག་དང་། སྨན་ཁང་ཁག་གི་འཕྲོད་བསྟེན་དང་འབྲེལ་བའི་དེང་རབས་ཐོན་དངོས་ཁག་གཅིག་འགྲེམས་སྟོན་གནང་ཡོད་པ་རེད།

Latest news