Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན།

ནི་ཐར་ལན་ཌིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་འཆར་གཉིས་གཏན་འབེབས། 

ཁ་ཉིན་ཚེས་ ༣༠ ཉིན། ཡུ་རོབ་ཀྱི་ནི་ཐར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་དུ་ཐེ་ཝན་དང་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཉིས་མང་མོས་ཀྱིས་གཏན་འབེབས་བྱས་ཏེ་རྒྱ་ནག་ནག་ལ་ཁ་གཏད་གཅོག་རྒྱུར་གྲོས་འཆམ་བྱུང་འདུག གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ནི་ཐར་ལན་ཌིའི་གྲོས་ཚོགས་ཀྱི་ནང་དུ། གྲོས་ཚོགས་ཀྱི་འཐུས་མི་ Raymond de Roon ལགས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ད་ལྟའི་ཆར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་དངངས་འཚབ་ཀྱི་ཁྲོད་གནས་བཞིན་པའི་སྐབས་འདིར། ནི་ཐར་ལན་ཌིའི་སྲིད་གཞུང་གིས་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ཐེ་ཝན་ལ་མངོན་སུམ་གྱིས་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་ཆོད་ཅིག་རྒྱབ་སྐྱོར་བ་ ༡༢༠ དང་ཁ་གཏད་པ་ ༣༠ ཐོག་ནས་མང་མོས་ཀྱིས་གཏན་འབེབས་གནང་འདུགདེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Ruben Brekelmans དང་ Agnes Mulderལགས་གཉིས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད་ནས། ལི་ཐོ་ནི་ཡའི་རྒྱལ་ནང་དུ་ཐེ་ཝན་གྱི་གཞུང་ཚབ་ཁང་ཞིག་བཙུགས་རྗེས་རྒྱ་ནག་གིས་རྒྱལ་ཁབ་དེར་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་བཞིན་པའི་ཁྲོད། ནི་ཐར་ལན་ཌིའི་སྲིད་གཞུང་གི་ངོས་ནས་རྒྱལ་ཁབ་དེར་རྒྱབ་སྐྱོར་དང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པའི་གྲོས་གཞི་ཞིག་གྲོས་ཚོགས་འཐུས་མི་ ༡༧༧ གྱིས་རྒྱབ་སྐྱོར་དང་འཐུས་མི་ ༣༣ གྱིས་དགག་གཞག་བྱས་ཏེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་འདུགསྤྱིར་ནེ་ཐར་ལན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས Ben Knapen ལགས་ཀྱིས་དེ་སྔོན་ནེ་ཐར་ལན་ཌིའི་ངོས་ནས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ཛ་དྲག་གི་འབྲེལ་ལམ་དེ་ཚད་དམའ་རུ་གཏོང་རྒྱུའི་རེ་འདུན་བཏོན་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིར་གྲོས་ཚོགས་ནང་དུ་ཡུ་རོབ་རྒྱལ་མཐུན་ཚོགས་ཀྱིས་དེ་སྔོན་ལི་ཐོ་ནི་ཡར་རྒྱབ་སྐྱོར་གྱི་ལངས་ཕྱོགས་གསལ་བོར་བཟོས་ཟིན་པར་བརྟེན། ཐེངས་འདིའི་ནི་ཐར་ལན་ཌིའི གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་དེ་མངོན་གསལ་བཟོས་ཡོད་པར་བསྒྲགས་འདུགནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱས་མ་ཐག   ཁུལ་དེར་རྟེན་གཞི་བྱས་པའི་ཐེ་ཝན་གྱི་ཆེས་མཐོ་གཞུང་ཚབ་པ་སྐུ་ཞབས Chen Hsin-hsin ལགས་ཀྱིས་ཐེ་ཝན་མི་མང་གི་ཚབ་བྱས་ཏེ་ནི་ཐར་ལན་ཌིའི་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐེངས་འདིར་ཐེ་ཝན་དང་འབྲེལ་བའི་གྲོས་ཆོད་གཉིས་གཏན་འབེབས་བྱས་པ་དེ་ཡིས་ནི་ཐར་ལན་ཌིའི་སྲིད་གཞུང་ལ་ཚད་མཐོ་བའི་རྒྱབ་སྐྱོར་ཡོད་པ་མཚོན་ཡོད་པར་མངོན་གསལ་གནང་བ་བརྒྱུད་ནས། གྲོས་ཆོད་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་དག་གིས་ཀྱང་ཐེ་ཝན་གྱི་བདེ་འཇགས་དང་ཞི་བདེ་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་སྐུལ་གནང་འདུགགཞི་རྩའི་བདུན་ཕྲག་གཅིག་གི་སྔོན་དུ། ནི་ཐར་ལན་ཌིའི་གྲོས་ཚོགས་སུ་ཐེ་ཝན་སྐུ་ཚབ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་ཞུགས་རྒྱུར་རྒྱབ་སྐྱོར་ཀྱི་གྲོས་ཆོད་བཞག་ཡོད་པ་དང་ཁ་སང་སྔར་བཞིན་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་ཀྱི་གྲོས་ཆོད་གཉིས་བཞག་ཡོད་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་མཚོ་འགག་ནས་འཇིགས་སྐུལ་རིམ་པ་བྱེད་བཞིན་པའི་དུས་སྐབས་འདིར། བདུན་ཕྲག་སྔོན་མའི་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་ཁོང་ཅག་གི་ལས་རོགས་ཁག་ཅིག་གི་གཙོ་བྱས་པའི་གཞུང་འབྲེལ་གྱི་མི་སྣ་བཅུ་བདུན་ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ Tsai Ing-wen ལགས་དང་བདེ་སྲུང་གི་བློན་ཆེན་ལྕམ Chiu Kuo-chengལགས་སུ་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མངོན་འདོད་ལ་གྲོས་བསྡུར་བྱས་ཡོད་པ་རེད།

བོད་མིའི་གཙོ་བྱས་པའི་ལས་འགུལ་བས་རྒྱ་ནག་གི་ཨོ་རྩལ་དང་འབྲེལNBCལ་ངོ་རྒོལ།

འདི་ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ཁ་སང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་ནང་དུ་མཇུག་སྡོམ་བྱས་པ་དང་བསྟུན་ནས། བོད་མི་དང་ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་སོགས་ཀྱི་མཚོན་པའི་ཐོབ་ཐང་རྩོད་སྒྲུབ་ཀྱི་ཚོགས་སྐྱིད་ཁག་གི་ལས་འགུལ་བས་ཁ་སང་ཨ་རིའི་ཁུལ་དུ་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྤྱི་དང་། སྒོས་སུ་ཨ་རིའི་ནང་གི་ཨོ་རྩལ་འགྲན་ཚོགས་ཀྱི་མ་དངུལ་རོགས་སྐྱོར་ཚོགས་པ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་གུང་ཙམ་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པས་དབུ་ཁྲིད་ཀྱི་ཐོག ཧོང་ཀོང་བ་དང་ཡུ་གུར་བ་སོགས་ཀྱི་ལས་འགུལ་བས་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཆེ་ཤོས་སུ་གྱུར་བའི་ཨ་རིའི་ནང་གི་NBC ཞེས་པའི་རྒྱལ་ཡོངས་ཀྱི་རླུང་འཕྲིན་ལས་ཁུངས་ཀྱི་ Rockefeller Center ཞེས་པའི་ལྟེ་གནས་སུ་མཉམ་འཛོམས་ཀྱིས་རྒྱ་ནག་གི་སང་ལོའི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཀྱི་རིགས་མཚམས་འཇོག་དགོས་བའི་བསྒྲགས་གཏམ་སྤེལ་བ་དང་བཀྲམས་པ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུགསྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨ་རིའི་ཁུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་བརྙན་ལམ་ནས་བསྒྲགས་གཏམ་སྤེལ་བའི་ནང་དུ། ད་ལྟའི་ཆར་ཉི་ཧོང་གི་ཨོ་རྩེད་འགྲན་ཚོགས་མཇུག་སྡོམ་གྱི་རྩེད་འགྲན་དཔལ་འབར་དེ་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་བར་དུ་ཨོ་རྩལ་གྱིས་རྒྱ་ནག་གི་དྲག་གནོན་དང་བཙན་འཛུལ་དེ་དག་ཁྲིམས་མཐུན་དུ་སྒྱུར་བཞིན་པར་དོ་སྣང་སྤྲོད་དགོས་བ་དང་། རྒྱ་ནག་གིས་བོད་དང་ཤིན་ཅང་གི་ནང་དུ་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་དྲག་གནོན་དང་རྩ་གཏོར་གྱི་སྲིད་བྱུས་མུ་མཐུད་དུ་སྤེལ་བཞིན་པའི་སྐབས་འདིར། ཨ་རིའི་ NBC རླུང་འཕྲིན་ཁང་གིས་རྒྱ་ནག་ལ་མཉམ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་བའི་སྐུལ་མ་གནང་འདུགགཞན་ཡང་ཁ་སང་གི་བསྒྲགས་གཏམ་གྱི་ནང་དུ། ཨ་རིའི་ནང་གི་རྒྱལ་ཡོངས་ཀྱི་རླུང་འཕྲིན་ལས་ཁུངས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་རིགས་ཁྱབ་སྤེལ་བྱས་པ་དེ་ཡིས། རྒྱ་ནག་གིས་དྲག་ཤུགས་ཀྱིས་བོད་མིའི་གཙོ་བྱས་པའི་ཡུ་གུར་བ་དང་ཧོང་ཀོང་བ། དེ་བཞིན་ཐེ་ཝན་དང་ནང་སོགས་ཀྱི་གྲངས་ཉུང་མི་རིགས་རྩ་གཏོར་བྱེད་བཞིན་པ་དེ་ནི་འོས་མཚམས་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱས་པ་དང་གཅིག་མཚུངས་ཡིན་པར་བསྒྲགས་ཏེ། རྒྱལ་སྤྱིའི་བསམ་ཤེས་ཡོད་མཁན་གྱི་མི་མང་གིས་ཁོང་ཚོས་ལས་འགུལ་དེར་འཛུལ་ཞུགས་ཀྱིས་མི་རིགས་རྩ་གཏོར་ནི་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཅིག་ལ་ཡིན་པར་གསལ་བོར་སྟོན་རྒྱུར་སྐུལ་བ་གནང་འདུག  དེ་བཞིན་སྐབས་དེར་ཁོང་ཚོས་རྔམ་སྟོན་ཁྲོམ་སྐོར་གྱི་སྐབས་སུ། NBC རླུང་འཕྲིན་ཁང་ངོ་ཚ་ཞེས་སྐད་འབོད་གནང་སྟེ། རླུང་འཕྲིན་ཁང་དེས་གང་མགྱོགས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་བའི་ཞུ་འབོད་གནང་འདུག གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་གི་སྲིད་བྱུས་དེ་ངེས་བར་དུ་རྩ་འཛིན་ལག་བསྟར་བྱེད་དགོས་བའི་ཞུ་སྐུལ་གནང་ཡོད་པ་དང་འབྲེལ་ནས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས Minky Worden ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུས་བ་ནས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པར་མངོན་གསལ་གནང་སྟེ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྩེད་འགྲན་ནི་ཆབ་སྲིད་དང་མཉམ་བསྲེ་བྱེད་ཐབས་མེད་པར་བརྗོད་ཡོད་ནའང་། རྒྱ་ནག་གིས་ཤེས་དགོས་བ་ཞིག་ནི་ཨོ་རྩལ་འགྲན་ཚོགས་ནི་ས་ཁོངས་ཆབ་སྲིད་ཀྱི་བྱ་འགུལ་ཞིག་དང་། བྱ་འགུལ་དེ་ཡིས་རྒྱལ་ཁབ་གང་དེའི་ཕྱི་ནང་གཉིས་སུ་སྲིད་གཞུང་གི་གོ་བབ་ཇེ་མཐོར་གཏོང་གི་ཡོད་པ་ཤེས་དགོས་བར་སྐུལ་མ་གནང་ཡོད་པ་ཡང་ལུང་འདྲེན་གནང་འདུག གཞི་རྩའི་འདི་ལོའི་ཨོ་རྩལ་འགྲན་ཚོགས་དེ་ཟླ་བ་སྔོན་མའི་ཚེས་ ༢༥ ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཚེས་ ༧ ཉིན་མཇུག་སྡོམ་བྱས་པ་དང་ལྷན་དུ། མི་མང་པོ་ཞིག་གིས་སང་ལོའི་རྒྱ་ནག་ནང་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་དོ་སྣང་བྱེད་བཞིན་པ་དང་བསྟུན་ནས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དབུ་ཁྲིད་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་མི་རིགས་ལ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ་གནང་སྟེ་རྒྱ་ནག་ལ་སང་ལོའི་ཨོ་རྩལ་འགྲན་ཚོགས་དེ་བསྡུ་རྒྱུའི་འོས་བབ་མེད་པའི་འགུལ་རབ་དང་རིམ་པ་སྤེལ་བཞིན་པ་རེད།

དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་ནག་ཅིག་ཡིན།

དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་བསྟུན།  རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་གི་ཉིན་མོ་དེ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ནག་པོ་ཞིག་ཡིན་པར་ངོས་འཛིན་གྱིས་རྡ་ས་མེག་གྷན་དུ་ཡོད་པའི་དེ་གའི་ལས་ཁུངས་ཀྱི་མདུན་དུ་པར་རིས་འགྲེམས་སྟོན་བརྒྱུད་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨོ་རྩེད་ཀྱི་མཚོན་རྟགས་སྟེང་དུ་མི་རོའི་འདྲ་གཟུགས་ཐོག་བོད་དང་ཤར་ཏུར་ཀི་སི་ཐན།  ལྷོ་སོག  ཧོང་ཀོང་དེ་བཞིན་ཐེ་ཝན་སོགས་བཀལ་ནས།  རྒྱ་གཞུང་གིས་དེ་གའི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཐོག་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་མཚོན་ཁྲག་གིས་ཁེངས་པའི་ཁྲུས་གཤོང་ནང་ཞི་ཅིན་ཕིང་བཞག་ཏེ་པར་རིས་འགྲེམས་སྟོན་དང་འབྲེལ་འཁྲབ་སྟོན་གྱི་ལས་འགུལ་སྤེལ་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར།  ད་རེས་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས།  རྒྱ་ནག་གཞུང་གི་ལོ་ངོ་ ༡༠༠ ནང་བོད་ཙམ་མ་ཟད།  རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རང་དབང་ལ་དོ་ཕོག་ཚབས་ཆེར་བཏང་ཡོད་པས།  རྒྱ་ནག་དམར་ཤོག་གཞུང་གི་བྱུས་ངན་གྱི་བྱེད་ཕྱོགས་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ།   བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་མུ་མཐུད་སྤེལ་གྱི་ཡིན་ཞེས་རྒྱ་གཞུང་ལ་བརྡ་ལན་སྤྲད་སོང་།ད་དུང་ཕྱི་ལོ་ ༢༠༢༢ ལོར་པེ་ཅིན་ནང་དུ་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་འཆར་ཡོད་སྟབས།   ཁོང་གིས་ Twitter དྲ་གནས་ཐོག་ #Nothingtocelebrate  #CPC100 ཞེས་ལས་འགུལ་གཞན་ཞིག་གནང་གི་ཡོད་པ་དང་འབྲེལ་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྦྲགས།  ཉེ་ལམ་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་དམར་ཤོག་གི་དགའ་སྟོན་གྱི་བརྗོད་ཚིག་བཀོད་པའི་བརྙན་པར་ཆེན་པོ་ཞིག་བཀལ་ཡོད་པས།  བོད་པའི་བུད་མེད་ཅིག་གིས་ཚོར་ཤུགས་དྲག་པོའི་ཐོག་ནས་ངུ་འབོད་བྱས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་སྤེལ་ཕྱིན་ཡོད་པ་དང་།  འདི་གས་གསར་འགོད་པས་རིག་འཛིན་ཆོས་སྒྲོན་ལགས་སུ་བོད་ནང་གི་གནས་སྟངས་དེའི་ཁྲོད་གཞིས་བཞུགས་བོད་མི་ཚོར་བརྡ་ལན་ཇི་ཡོད་བཅར་འདྲི་ཞུས་སྐབས།  ཁོང་གིས་ཉེ་ལམ་གནས་ཚུལ་དེ་གཟིགས་མ་ཐག་སེམས་ནང་དངངས་སྐྲག་སྐྱེས་བྱུང་བ་དང་།  ལྷག་པར་བརྙན་ཐུང་དེ་བརྒྱུད་ད་ལྟ་བོད་ནང་གི་གནས་སྟངས་དངོས་དེ་ཕྱིར་མངོན་བྱུང་ཡོད་པ་དང་།  རང་ངོས་ནས་བརྙན་པར་སྐྱོན་མཁན་གྱི་བོད་མི་དེའི་བདེ་འཇགས་ལ་སེམས་འཚབ་བྱུང་སོང་བ་དང་ཆབས་ཅིག  ང་ཚོས་ངོས་ནས་མུ་མཐུད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་། གཞི་རྩའི་དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དང་སྦྲགས།  དེ་རིང་ཕྱི་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གཞུང་གི་བཙན་འོག་ཏུ་སྐུ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་།  དེ་བཞིན་རྡ་རམ་ས་ལ་ས་གནས་གཞོན་ནུའི་གོ་སྒྲིག་འོག་དེ་རིང་དགོང་མོའི་ཕྱག་ཚོད་ ༧ པའི་ཐོག་ངོ་དེབ་ཐད་གཏོང་བརྒྱུད་ཁྲག་དྲི་བྲོ་བའི་གུང་ཁྲན་ཏང་ལོ་ངོ་ ༡༠༠ འཁོར་བ་དང་བོད་ནང་གི་མིག་ཆུའི་གཏམ་བརྒྱུད་ལ་དཔྱད་གླེང་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་རྒྱུ།  དེ་བཞིན་ས་གནས་ཁག་ཅིག་ནང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་གང་ལྟར་དེ་རིང་གི་དུས་ཚིགས་དེ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་མི་རྣམས་ནས་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་རེད།

ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བོད་མིའི་བདམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་གནང་འདུག

  ཉེ་ཆར་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་བ་དང་འབྲེལ།  ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་ཡོད་པ་ལྟར། ད་ལྟའི་ཆར་ཁོང་ལ་ཕྱོགས་ཡོངས་ནས་འཚམས་འདྲི་གནང་མཁན་རིམ་པ་བྱུང་ཡོད་པའི་ཁྲོད། ཁ་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་ཀྱིས་འཚམས་འདྲིའི་ཕྱག་ཡིག་ཅིག་ཕུལ་འདུགཕྱག་ཡིག་དེའི་ནང་དུ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་སྤེན་པ་ཚེ་རིང་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ད་ལན་འོས་བསྡུའི་གྲུབ་འབྲས་དེ་བརྒྱུད་བོད་མི་རྣམས་ཀྱིས་རང་དབང་དང་མང་གཙོ་ལྡན་པའི་བོད་ཁམས་ཤིག་བསྐྲུན་རྒྱུའི་ཆོད་སེམས་གཡོ་བ་མེད་པ་ཡོད་པ་དེ་་གསལ་སྟོན་གནང་ཡོད་པར་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་རྒྱུའི་ཆོད་སེམས་ལ་བསྔགས་བརྗོད་དང་སྦྲགས། ད་ལྟ་ང་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་དག་གིས་གོ་ལ་སྤྱི་ཡོངས་ལ་དམངས་གཙོ་གལ་ཆེན་པོ་ཅི་ཙམ་ཡིན་པ་གསལ་སྟོན་གནང་གི་ཡོད་པ་དང་། ལྷག་པར་དུ་ཐེ་ཝན་གྱི་ངོས་ནས་བོད་མི་དང་ཐེ་ཝན་གཉིས་ནི་ཕན་ཚུན་བློས་འཁེལ་ཐུབ་པའི་མཛའ་གྲོགས་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་དང་འབྲེལ། ཕྱོགས་གཉིས་ཀྱི་ངོས་ནས་རྩ་ཆེར་འཛིན་བཞིན་པའི་མང་་གཙོ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲུང་སྐྱོབ་ཐོག་མཉམ་ལས་གནང་རྒྱུ་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་ཐེ་ཝན་དང་བོད་གཉིས་ཀྱི་འབྲེལ་ལམ་དེ་ནི་ཕན་ཚུན་གུས་བརྩི་དང་འདྲ་མཉམ་ཐོག་ལ་བརྟེན་པ་ཞིག་ཡིན་སྐོར་དང་འབྲེལ། སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་གཞུང་འཛིན་འོག་ཐེ་ཝན་དང་བོད་མིའི་འབྲེལ་ལམ་བཟང་པོ་དེ་མུ་མཐུད་རྒྱུན་སྐྱོང་ཡོང་བའི་རེ་བ་ཆེན་པོ་ཡོད་པ་གསུངས་འདུག

བཀའ་སྤྱི་གཉིས་ཀྱིས་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་འདུག

དེ་རིང་ནི་དེ་སྔ་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ པ་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༦ འཁོར་བའི་དུས་དྲན་ཡིན་པ་ལྟར། དུས་ཚིགས་འདི་དང་བསྟུན་དེ་རིང་བཀའ་སྤྱི་གཉིས་ནས་ཡོངས་ཁྱབ་བསྒྲགས་གཏམ་རེ་འདོན་སྤེལ་གནང་འདུག དེ་ཡང་དེ་རིང་བཀའ་ཤག་གི་བསྒྲགས་གཏམ་དེའི་ནང་དུ ། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་སྐབས་དེར་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལས་སོན་མེད་པས། རིན་པོ་ཆེ་མཆོག་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་ཆགས་ཀྱི་ཡོད་སྟབས། རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཡིན་པ་མ་ཟད། རྒྱ་གཞུང་གིས་བྱེད་ཕྱོགས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྱད་པར་བྱིས་པའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་དང་འགལ་བ་ཞིག་ཆགས་ཡོད་པ་གསུངས་འདུག ལྷག་པར་རྒྱ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་གནང་ཕྱོགས་སོགས་བོད་ཀྱི་ཐུན་མིན་ཆོས་ལུགས་དང་སྲོལ་རྒྱུན་གྱི་གནང་སྒོ་གང་ཅིའི་ཐད་ཐེ་བྱུས་བྱེད་ཀྱི་ཡོད་པས་རྒྱ་གཞུང་གིས་བྱེད་ཕྱོགས་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་གསུངས་འདུག དེ་བཞིན་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་རྣམས་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་རྒྱུས་ལོན་དང་གློད་བཀྲོལ་སླད་ཞུ་གཏུག་ལན་མང་གནང་བ་དང་ལྷག་པར་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་སྲིད་གཞུང་། རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རིན་པོ་ཆེ་མཆོག་གློད་བཀྲོལ་སླད་གྲོས་ཆོད་དང་སྙན་ཐོ་རིམ་པ་སོགས་བཏོན་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་རྣམས་ནས་ཀྱང་ལས་འགུལ་རྒྱུན་མི་ཆད་པར་སྤེལ་དང་སྤེལ་མུས་ཡིན་ནའང་། རྒྱ་གཞུང་ནས་ད་བར་རིན་པོ་ཆེ་མཆོག་གི་གནད་དོན་ཐད་དངོས་ཡོད་གནས་སྟངས་དང་མཐུན་པའི་འགན་ཁུར་གྱི་ལན་འདེབས་རྩ་བ་ནས་བྱས་མེད་པ་གསུངས་འདུག ཕྱོགས་མཚུངས་ད་རེས་ཀྱི་དུས་ཚིགས་དེ་བསྟུན་ ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མཛད་པ་རྣམ་ཐར་ལའང་ཚད་མཐོའི་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུས་གནང་འདུག་པ་མ་ཟད། རྒྱ་གཞུང་ནས་ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ དབུས་པའི་སྐུ་འཁོར་བཅས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་པའི་རེ་སྐུལ་ནན་པོ་གནང་འདུག དེ་རིང་གི་དུས་ཚིག་དང་སྟུན། དེ་རིང་རྒྱ་གར་གྱི་དགོང་དྲོའི་ཕྱག་ཚོད་༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་དྲ་ཐོག་ཐད་བསྲིང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་རྗེས་དྲན་ལོ་རྒྱུས། སྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྒྱུ་ཡིན་འདུག་པ་དང་། ཐད་ཀར་རྒྱང་སྲིང་གི་མཛད་སྒོ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Anant Kumar Hegde ལགས་དེ་བཞིན་བཀྲིས་ལྷུན་པོའི་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་རྒྱུ་རེད་འདུག ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་ཞལ་བཞུགས་ཡོད་མེད་སྐོར་ཡིད་ཆེས་འཕེར་བའི་རྩད་གཅོད་གནང་ཐབས་ཀྱི་རོགས་མགོན་སྐྱབས་འཇུག་ཡོང་བ་དང་། རིན་པོ་ཆེ་མཆོག་མི་ལོ་ ༢༦ རིང་གར་སོང་ཆ་མེད་དུ་སོང་བ་འདི་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ལྟ་བུ་ཞིག་ཡིན་པས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་དགོས་པ་ཞིག་ཆགས་ཡོད་པས་དེ་ལུགས་མཐུན་འགྱུར་གནང་ཐབས་ཡོང་བ། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་ནག་གཞུང་གིས་ཆེད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུར་དད་གུས་དང་བརྩི་བཀུར་བྱེད་ཀྱི་མེད་པས། རྒྱ་ནག་དམར་གཞུང་དང་འབྲེལ་ལམ་གནང་སྐབས་དེ་ལུགས་གོ་བརྡ་འཕྲོད་ངེས་གནང་སྐྱོང་དང་། ལྷག་པར་ཨ་རི་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་དག་ཅིག་གི་དབུ་ཁྲིད་རྣམ་པས། རྒྱ་གཞུང་ལ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གི་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་འཕྲད་དུ་གློད་བཀྲོལ་དགོས་པའིོ་གྲོས་ཆོད་བཞག་ཡོད་པས་དེ་འབྲེལ་རྒྱབ་སྐྱོར་གནང་མཁན་གཞུང་སྒེར་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སླད་མར་ཡང་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་མ་བྱུང་གི་བར་དུ་སྔར་བཞིན་རྒྱ་གཞུང་ལ་དགོས་འདུན་དང་སྐུལ་ལྕག་ངེས་གནང་ཡོང་བའི་འབོད་སྐུལ་དང་། བོད་མི་ཡོངས་ཀྱི་རེ་འདུན་ནི་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙན་གནོན་འོག་ཐར་ཏེ་གདན་ས་བཀྲིས་ལྷུན་པོར་ཞབས་སོར་འཁོད་རྒྱུ་ཡིན་སྟབས། དེ་འབྲེལ་གྱི་སྐལ་བཟང་གི་ཉི་མ་གང་མགྱོགས་འཆར་བའི་ཆེད་རོགས་མགོན་སྐྱབས་འཇུག་ལྷོད་གཡེང་མེད་པར་གནང་རོགས་བཅས་དོན་ཚན་ལྔའི་ཐོག་ནས་ཞུ་སྐུལ་གནང་འདུག དེའི་བར་ན་དེ་རིང་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན། ཉི་ཧོང་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་གླེང་སྟེགས་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཉི་ཧོང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Hirano Satoshi ལགས། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉི་ཧོང་སྡེ་ཚན་གྱི་འབྲེལ་མཐུད་པ་ Kitai Daisuke ལགས་བཅས་ལྷན་བཞུགས་ཀྱིས་ས་གནས་ཀྱི་གསར་འགོད་པའི་མདུན་སར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་གནང་བའི་ Tibet's Stolen Child ཞེས་པའི་དཔེ་དེབ་ཉི་ཧོང་གི་སྐད་ཡིག་ཐོག་སྒྱུར་བ་དེ་འདོན་སྤེལ་དང་སྦྲགས། གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་འདུག སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་གིས་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་རིན་པོ་ཆེ་མཆོག་གི་གནས་སྟངས་གང་ཡིན་གསལ་བཤད་ཙམ་ཡང་མ་བྱས་པར་དེ་མུར་བཞག་པ་དེ་ཡིས། བོད་ནང་ལ་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་མཚོན་ཐུབ་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆོས་ཁས་ལེན་ཙམ་ཡང་བྱེད་ཀྱི་མེད་པའི་ཁར། རྒྱ་ནག་རང་ཉིད་ཀྱི་པཎ་ཆེན་ཞིག་ངོས་འཛིན་བྱས་ཏེ་ཆབ་སྲིད་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་བེད་སྤྱོད་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ཉི་ཧོང་གི་སྐད་ཡིག་ཐོག་འདོན་སྤེལ་ཞུས་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་ Tibet's Stolen Child ཞེས་པའི་དཔེ་དེབ་དེ་བརྒྱུད་དེ་ས་གནས་ཀྱི་གསར་འགོད་པ་དང་། རྒྱལ་སྤྱིའི་མང་ཚོགས་རྣམས་ནས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག མ་ཟད་སྐུ་ཚབ་དོན་གཅོད་མཆོག་ནས་ཐེངས་འདིའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གཙོས་པའི་ནང་མི་རྣམ་པ་དང་། རིན་པོ་ཆེ་མཆོག་གི་དགེ་བའི་བཤེས་གཉེན་བྱ་བྲལ་རིན་པོ་ཆེ་བཅས་ཀྱི་གནས་སྟངས་གང་ཡིན་ཁ་གསལ་བཟོ་དགོས་པ་དང་། དེ་བཞིན་ཁོང་རྣམ་པ་གང་མགྱོགས་གློད་བཀྲོལ་གནང་དགོས་པ། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་སྟེ་བོད་དེ་བཞིན་དམག་སྒར་ལྟ་བུ་བཟོ་རྒྱུའི་ལས་དོན་རྣམས་མཚམས་འཇོག་དགོས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ཁག་ཅིག་སྟོན་གནང་འདུག གཞན་ཡང་དེ་རིང་གི་དུས་ཚིགས་འདི་དང་བསྟུན་ཁ་སང་ཁེ་ན་ཊའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་སྟོན་པའི་ཐོག་ས་གནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འདུག ད་དུང་ཨོ་སི་ཀྲི་རི་ཡ་ནང་གནས་བཞུགས་བོད་མི་རྣམས་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གྱི་ལས་འགུལ་དང་དེ་བཞིན་བོད་མིའི་ཚོགས་སྒེར་ཁག་ནས་ཀྱང་དྲ་ཐོག་བརྒྱུད་རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཟོ་དང་རིན་པོ་ཆེ་དང་སྐུ་འཁོར་བཅས་པ་ཆ་རྐྱེན་མེད་པའི་ཐོག་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་འདུག མ་ཟད་དེ་རིང་ཨ་རི་ནེའུ་ཡོག་ས་གནས་གཞོན་ནུའི་ངོས་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་གནང་གི་འདུག

དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་བཅུའི་ནང་སྐོར་བསྐྱོད་ཟིན་འདུག

རྒྱ་ནག་ནང་དུ་འཚོགས་རྒྱུའི་༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པའི་འབོད་སྒྲའི་འོག རྐང་འཁོར་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་སུད་སི་རྒྱལ་ཡོངས་སུ་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་ཚེ་རིང་དབང་འདུས་ལགས་ཀྱིས་ད་བར་སུད་སི་གྲོང་ཁྱེར་བཅུའི་ནང་སྐོར་བསྐྱོད་ཟིནདེ་་མུ་མཐུད་ལས་འགུལ་མདུན་སྐྱོད་གནང་བཞིན་འདུགམ་སྐུལ་དང་བླངས་ངང་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་མཁན་ཚེ་རིང་དབང་འདུས་ལགས་ཀྱིས། ཟླ་བ་འདིའི་ཕྱི་ཚེས་༨ ཉིན་སུད་སི་གྲོང་ཁྱེར་Winterthurནས་སུད་སི་རྒྱལ་ཡོངས་སུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཁོད་པའི་སྟོད་གོས་དང། རྐང་འཁོར་མདུན་ངོས་སུ་བོད་དང་སུད་སི་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་དང། དེ་བཞིན་རྐང་འཁོར་རྒྱབ་ངོས་སུ་འགྲུལ་བཞུད་ཀྱི་ལམ་བར་དུ་མཁོ་བའི་ཡོ་ཆས་དང་། དེའི་སྟེང་རྒྱ་ནག་ནང་དུ་འཚོགས་རྒྱུའི་༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པ་དང། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོགས་དགོས་སོགས་ཀྱི་འབོད་སྒྲའི་འོག བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱིས་ལས་འགུལ་འགོ་བཙུགས་གནང་ཡོད་པ་དང་། འདས་པའི་ཉིན་གྲངས་བརྒྱད་རིང་ཁོང་གིས་སུད་སི་གྲོང་ཁྱེར་ Zurichདང། Olten སོགས་ཀྱི་མཚོན་པའི་གྲོང་ཁྱེར་བཅུའི་ནང་སྐོར་གནང་སྟེ་ཁྱོན་སྤྱི་ལོ་༥༦༧ ལྷག་སྐོར་སྐྱོད་ཟིན་འདུག སྤྱིར་སུད་སི་གནས་བཞུགས་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས། གོང་ས་མཆོག་བོད་དུ་གང་མགྱོགས་གདན་འདྲེན་ཞུ་དགོས་པ་དང་། རྒྱ་གཞུང་ནས་བཙན་ཁྲིད་བྱས་པའི་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་གྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ། ༢༠༢༢ ལོའི་དགུན་དུས་པེ་ཅིང་ཨོ་རྩལ་མགྲན་རྩོད་ཕྱིར་འཐེན་དགོས་སོགས་དགོས་འདུན་དོན་ཚན་ལྔའི་འོག་སུད་སི་རྒྱང་ཡོངས་སུ་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་བཞིན་ཡོད་པ་རེད། ཐེངས་འདིའི་ཁོང་གི་ཁེར་རྐྱང་གི་བོད་དོན་རྐང་འཁོར་སྐོར་བསྐྱོད་ལས་འགུལ་དེའི་ཁྲོད། ངོ་དེབ་ནང་ནང་དུ་འཛམ་གླིང་ས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་ནས་རྒྱབ་སྐྱོར་དང་ཡིད་རང་བསྔགས་བརྗོད་ཞུ་མཁན་ཧ་ཅང་མང་པོ་བྱུང་འདུག་ལ། དེ་བཞིན་ཁོང་སྐོར་བསྐྱོད་གནང་ཡུལ་གྱི་སུད་སི་ས་ཁུལ་གྱི་ཁག་ཡོད་པའི་བོད་རིགས་ཚོགས་སྒེར་ཁག་ནས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་ཕེབས་སུའི་སྣེ་ལེན་ཟབ་རྒྱས་ཀྱང་ཞུས་འདུག ཕྱི་ཚེས་༡༥འི་ཕྱི་དྲོ་ཚེ་རིང་དབང་འདུས་ལགས་སུད་སི་ལྷོ་ཕྱོགས་གྲོང་སྡེ་ Luganoབདེ་འབྱོར་བྱུང་འདུག་པ་མ་ཟད། ཕྱི་ཚེས་༡༧སྟེ་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་སྟེ་གར་སོང་ཆད་མེད་དུ་སོང་ནས་ལོ་ངོ་༢༦འཁོར་བ་ཉིན་མ་དེར། ཁོང་ནས་ Lugano ནསརྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་གནས་ཡུལ་སུད་སི་གྲོང་ཁྱེར་Lucsanneདང། མཐར་ཇི་ནི་ལྦར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་གོང་གསལ་བོད་དོན་དང་འབྲེལ་བའི་དགོས་འདུན་ཁག་ཞུ་གཏུགས་གནང་དེ་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད་འདུག

ཐེ་ཝན་རྒྱལ་སྤྱིའི་ཚོགས་ཁག་ནང་མཉམ་ཞུགས་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས།   

ཁ་སང་ཚེས་ ༦ ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་ཐེ་ཝན་འདི་བཞིན་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་བཞིའི་ནང་མཉམ་ཞུགས་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་འདུགད་རེས་གཏན་འབེབས་གནང་བའི་ཁྲིམས་འཆར་དེ་ཐོག་མར་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Joel Guerriau and Alain Richard རྣམ་གཉིས་ནས་གྲོས་ཚོགས་ནང་ཆེད་འདོན་གནང་ཡོད་པ་དང་། དེར་གྲོས་ཚོགས་འཐུས་མི་ ༣༠༤ ནས་ཀླད་གོར་བར་གྱིས་སྤྱི་མོས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་མ་ཟད། ཆེད་འདོན་གནང་བའི་གྲོས་འཆར་དེའི་ནང་ཐེ་ཝན་འདི་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་ཉེན་རྟོག་དང་སྤྱི་མང་མཁའ་ལམ་འགྲུལ་བཞུད་ཚོགས་པ། གཞན་ཡང་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཀྱི་སྒྲོམ་གཞི་བཅས་སུ་མཉམ་ཞུགས་དགོས་ཞེས་འཁོད་ཡོད་པ་རེད། གོང་ཞུས་གྲོས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་གཉིས་ནི་ France-Taiwan Inter-Parliamentary Amity Association ཞེས་པའི་ཚོགས་པའི་ཚོགས་མི་ཡིན་པ་དང་དེའི་ཁོངས་ནས་སྐུ་ཞབས་ Alain Richard ལགས་སུ་ཉེ་ལམ་རྒྱ་ནག་གཞུང་ཚབ་ནས་ཡི་གེ་ཞིག་འབྱོར་བ་བརྒྱུད་ཁོང་ལ་ཐེ་ཝན་ནང་འཚམས་གཟིགས་གནང་རྒྱུའི་འཆར་གཞི་ཕྱིར་འཐེན་དགོས་པ་དང་དེ་ལྟར་མ་གནང་ཚེ་དེས་ཐེ་པེ་དང་པེ་ཅིང་དབར་གྱི་ད་ཡོད་སོར་གནས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་བཞེས་སྐབས་ཐེ་ཝན་གྱིས་དེ་སྔ་ཡུལ་དེའི་ནང་ཡོངས་ཁྱབ་ཏོག་དབྱིབས་རིམས་ནད་སྔ་དུས་ཀྱི་རྩད་གཅོད་དང་འབྲེལ་སྔོན་འགོག་གི་བཀོད་བྱུས་དང་སྟངས་འཛིན་གནང་ ཕྱོགས་དེ་མིག་དཔེར་འོས་པ་ཞིག་ཡིན་པར་བསྔགས་བརྗོད་གནང་བ་མ་ཟད།ཐེ་ཝན་ངོས་ནས་ ༢༠༡༩ ལོའི་ཟླ་མཇུག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་གཉན་རིམས་འདི་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་འབྱུང་བར་ཉེ་བའི་ཉེན་བརྡ་བཏང་ཡོད་ཀྱང་རྒྱལ་ཚོགས་ནས་དེར་སྣང་མེད་བཏང་སྟེ་གཉན་རིམས་དེ་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཡིན་པར་སྔ་ལོའི་ཕྱི་ཟླ་ ༡ ཚེས་ ༣༠ བར་དུ་གསལ་བསྒྲགས་གནང་མེད་པར་ལུང་འདྲེན་གནང་སྟེ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐེ་ཝན་འདི་བཞིན་བསམ་ཞིབ་གོ་བསྡུར་གནང་ཡུལ་ལས་ཟུར་བཅད་གནང་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པར་གསལ་སྟོན་གནང་འདུག ད་དུང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གོང་ཞུས་ཚོགས་པ་བཞི་པོའི་ནང་མཉམ་ཞུགས་ཆོག་པར་མཉམ་ལས་ཀྱི་གཏན་འབེབས་རྩ་ཚིག་ནང་རྒྱལ་ཁབ་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་དགོས་མེད་པ་དང་ལྷག་དོན་ཚོགས་མི་རྒྱལ་ཁབ་བཞིའི་ཁྲིམས་ཀྱི་རང་དབང་ལ་རྩིས་མེད་གནང་གི་མེད་པ་མ་ཟད། ཐེ་ཝན་འདི་བཞིན་རྒྱལ་སྤྱིའི་ཁྲོད་ཞི་འཇམ་དང་མཉམ་ལས་ཀྱི་བཞེངས་ཕྱོགས་འཛིན་མཁན་ཞིག་ཡིན་སྟབས། ཐེ་ཝན་འདི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷག་དོན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་དགོས་པའི་དགོས་འདུན་བཏོན་འདུག ཐེ་ཝན་རྒྱལ་སྤྱིའི་ཚོོགས་ཁག་ནང་མཉམ་ཞུགས་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་དང་འབྲེལ་དེ་རིང་ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་ལམ་བརྒྱུད་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

༸གོང་ས་མཆོག་གིས་ཐེ་ཝན་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཐེ་ཝན་གྱི་གྲོང་ཁྱེར་ Hualien ནང་མེ་འཁོར་བརྡབ་སྐྱོན་བྱུང་སྟེ་འགྲུལ་བཞུད་པ་མང་དག་ཅིག་རྐྱེན་འདས་སུ་གྱུར་བའི་ཡོད་སྐྱོའི་གནས་ཚུལ་བྱུང་བ་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen གྱི་མཚན་ཐོག་ལ། Hualien གྲོང་ཁྱེར་ནང་མེ་འཁོར་བརྡབ་སྐྱོན་བྱུང་ནས་མང་ཚོགས་ཀྱི་ཚེ་སྲོག་ཤོར་བར་ཐུགས་ཕམ་ཡོད་པ་དང་སྦྲགས། ཐེ་ཝན་མང་ཚོགས་རྣམས་ནི་ ༸མགོན་པོ་༸གང་ཉིད་མཆོག་གི་ཐུགས་མཉེས་བོ་གནང་ས་ཞིག་དང་ཡང་སྒོས་རྐྱེན་ངན་འདིའི་རིགས་བྱུང་མཚམས་སུ་རྐྱེན་ངན་དེ་ང་ཚོ་ཚང་མའི་ཐོག་ཏུ་ཡོང་བ་ལྟར་ཚོར་བ་ཡོང་གི་ཡོད་པས། ཐེ་ཝན་གྱི་སྲིད་འཛིན་གཙོས་པའི་གོད་ཆགས་དེའི་འོག་རྐྱེན་འདས་སུ་གྱུར་མཁན་རྣམས་ཀྱི་ནང་མི་སོགས་ལ་ཐུགས་གསོ་སྩལ་འདུག གཞན་ཡང་ཐེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་གནས་ཚུལ་དེ་བྱུང་མ་ཐག འཕྲལ་དུ་མེ་འཁོར་བརྡབ་སྐྱོན་ཁྲོད་འདས་གྲོངས་སོང་བར་བསྔོ་སྨོན་དང་རྨས་སྐྱོན་བྱུང་བ་རྣམས་མྱུར་དུ་དྲག་སྐྱེད་སླད་ས་གནས་ཧོ་ལན་དུ་གསོལ་འདེབས་བསྔོ་སྨོན་ཆེད་ཕེབས་འདུག་པ་དང་། སྐབས་དེར་ལྕམ་སྐུ་ཚ་ཡི་ཨིང་ཝིན་ནས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དེ་གའི་ངོ་དེབ་ནང་འཁོད་འདུགགཞི་རྩའི་བརྒྱུད་ལམ་ཁག་གིས་གནས་ཚུལ་ལ་གཞིགས་ན། ཉེ་ལམ་ཐེ་པི་ནས་ Taitung གྲོང་ཁྱེར་དུ་བསྐྱོད་མཁན་གྱི་ Taiwan Express མེ་འཁོར་དེ་དོས་སྐྱེལ་རླངས་འཁོར་ཞིག་དང་རྡུང་ཁ་བརྒྱབ་ནས། མེ་འཁོར་ནང་འགྲུལ་བཞུད་པ་ ༤༩༠ ཙམ་ཡོད་པའི་ཁྲོད། མེ་འཁོར་གྱི་ཁ་ལོ་བ་གཙོས་པའི་མི་གྲངས་ ༥༠ ཙམ་རྐྱེན་འདས་སུ་གྱུར་ཡོད་པ་དང་། དེ་བཞིན་མི་གྲངས་ ༦༠ ཙམ་ཞིག་ Hualien གྲོང་ཁྱེར་གྱི་སྨན་ཁང་ཁག་ནང་སྨན་བཅོས་གནང་བཞིན་ཡོད་པར་འཁོད་འདུག རྩ་བའི་ཐེ་ཝན་ནང་དེ་སྔ་ཕྱི་ལོ་ ༡༩༤༨ ལོར་མེ་འཁོར་གྱི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས་མི་གྲངས་ ༦༤ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད་པའི་འཕྲོར་ད་ཐེངས་ཀྱི་མེ་འཁོར་དོན་རྐྱེན་དེ་ལོ་ངོ་བཅུ་ཕྲག་བདུན་ནང་གི་ཛ་དྲག་གི་དུས་བབ་ཅིག་ཆགས་འདུག

རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩིས་མེད་ཀྱིས་ཐེ་ཝན་ལ་འབྲེལ་ལམ་འཛུགས་རྒྱུའི་གྲོས་འཆར་བཏོན་པ།

ཨ་རིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་དུ། ཨ་རིའི་ངོས་ནས་དུས་ཚོད་ཡོལ་ཟིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ནག་གསུབ་བཏང་སྟེ། ཐེ་ཝན་དང་མཉམ་དུ་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་བསྐྱར་གསོ་གནང་དགོས་བའི་གྲོས་འཆར་ཞིག་ཆེད་འདོན་གནང་འདུགདེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Tom Tiffany དང་ Scott Perry ལགས་གཉིས་ཀྱིས་གྲོས་ཚོགས་ཀྱི་དབུས་སུ་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དོར་ཏེ་ཐེ་ཝན་གྱི་རྒྱལ་ཁབ་མཉམ་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བསྐྱར་འཛུགས་དགོས་བར་འབོད་སྐུལ་བྱས་པ་མ་ཟད། ཐེ་ཝན་ནི་འདས་བའི་མོ་ལོ་༧༠ ལྷག་གི་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་མངོན་གསལ་གནང་འདུགགྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེངས་འདིའི་གྲོས་འཆར་བརྒྱུད་བྷ་ཌན་སྲིད་གཞུང་ནས་རྒྱལ་སྤྱིའི་སྒྲིག་འཛུགས་གང་སར་ཐེ་ཝན་ལ་ངོས་འཛིན་ཡོང་ཐབས་བྱེད་དགོས་པ་མ་ཟད། ཐེ་ཝན་སྲིད་གཞུང་ལ་འབྲེལ་མོལ་གྱིས་ཕྱོགས་གཉིས་དབར་རང་དབང་གི་ཚོང་འབྲེལ་གྲོས་ཆོད་འཇོག་དགོས་པའི་ཞུ་སྐུལ་བྱས་འདུག གྲོས་ཚོགས་སུ་གྲོས་འཆར་ཆེད་འདོན་གནང་སྐབས། སྐུ་ཞབས་ Tiffany ལགས་ཀྱིས་འདས་པའི་མི་ལོ་ ༤༠ རིང་ལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་རིམ་པས་དངོས་ཡོད་གནས་ལུགས་ལ་ལྟོས་མེད་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་རྒྱ་ནག་གི་རྫུན་བསྒྲགས་བྱེད་བཞིན་པ་དེ་བསྐྱར་བཟློས་ཡང་བཟློས་བྱས་ཡོད་སྐོར་བརྗོད་པ་དང་འབྲེལ། ད་ནི་ཨ་རིའི་ངོས་ནས་དུས་ཚོད་ཡོལ་ཟིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དེ་རྒྱང་ནས་དོར་དགོས་བའི་དུས་ལ་བབ་ཡོད་ཅེས་གསུང་བ་མ་ཟད། སྐུ་ཞབས་ Perry ལགས་ཀྱིས་ཀྱང་ད་བར་ཐེ་ཝན་དང་མཉམ་དུ་ཕྱོགས་མང་པོ་ནས་མཉམ་ལས་བྱེད་མཁན་རང་དབང་ལྡན་པའི་ཨ་རིའི་རྒྱལ་ཁབ་ངོས་ནས་ཐེ་ཝན་ནི་འདས་པའི་ལོ་ངོ་ ༧༠ ནས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་གྲགས་གནང་དགོས་སྐོར་གསུངས་འདུག གཞི་རྩའི་ཨ་རིའི་གཞུང་ངོས་ནས་ཕྱི་ལོ་ ༡༩༧༩ བར་ཐའེ་ཝན་དང་ལྷན་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བཞག་ཡོད་ཀྱང་། ༧༩ ལོར་སྐབས་དེའི་སྲིད་འཛིན་སྐུ་ཞབས་ Jimmy Carter མཆོག་གིས་བློ་བུར་ཐའེ་ཝན་དང་འབྲེལ་ལམ་བཅད་དེ་རྒྱ་ནག་དམར་ཤོག་གཞུང་ལ་ངོས་འཛིན་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེའི་རྗེས་ Taiwan Relations Act ཞེས་པའི་ཁྲིམས་གཞི་གཏན་འབེབས་བརྒྱུད་ཨ་རི་དང་ཐེ་ཝན་གཉིས་དབར་དཔལ་འབྱོར་དང་རིག་གཞུང་སོགས་ཀྱི་འབྲེལ་ལམ་འཙུགས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་བཞི་བཅུ་བ། སྐུ་ཞབས་ Ronald Reagan ལགས་ཀྱི་ལས་ཡུན་སྐབས་ six assurances ཞེས་གནད་དོན་དྲུག་གི་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་བཏང་བ་དང་སྦྲགས། ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པར་བརྗོད་བཞིན་པ་དེར་ཨ་རིའི་ངོས་ནས་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱས་ཡོད་པ་རེད། འོན་ཀྱང་གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་ཨ་རིའི་གཞུང་གིས་ད་དུང་ཡང་ཐའེ་ཝན་ལ་གཞུང་འབྲེལ་སྒོ་ནས་ངོས་འཛིན་མེད་པ་མ་ཟད། མཚོ་གླིང་རྒྱལ་ཁབ་དེར་ཨི་རན་དང་བྱང་ཀོ་རི་ཡ་ལྟ་བུའི་ཆེས་གདུག་རྩུབ་ལྡན་པའི་རྒྱལ་ཁབ་བཞིན་ལྟ་ཕྱོགས་འཛིན་བཞིན་པར་སྐྱོན་བརྗོད་དང་འབྲེལ། སྐུ་ཞབས་ Tiffany ལགས་ཀྱིས་ཨ་རིའི་ངོས་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་སྐད་ཆ་བཤད་རྒྱུར་རྒྱ་ནག་དམར་ཤོག་གི་ཆོག་མཆན་གྱི་དཔང་ཡིག་ཅིག་དགོས་དོན་མེད་པ་དང་།  ཐེ་ཝན་ནི་རང་དབང་དང་མང་གཙོ་ལྡན་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ལ། ཨ་རིའི་ངོས་ནས་དངོས་བདེན་གྱི་གནད་དོན་དེ་མངོན་གསལ་གནང་དགོས་བའི་དུས་ལ་བབ་ཡོད་པར་བསྒྲགས་འདུག འདི་ལོའི་ཕྱི་ཟླ་གཉིས་བའི་ནང་དུ་ཡང་། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ Rick Scott ལགས་ཀྱིས་ Taiwan Invasion Prevention Act ཞེས་ཐེ་ཝན་བཙན་འཛུལ་སྔོན་འགོག་གི་ཁྲིམས་འཆར་བསྐྱར་འདོན་གནང་ཡོད་པ་དང་།  ཁྲིམས་འཆར་དེ་བརྒྱུད་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་གྱིས། ཐེ་ཝན་གྱི་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་བྱུས་དང་དམག་ཤུགས་ལ་འགོག་རྒོལ་བྱེད་རྒྱུའི་ནུས་པ་སྤྲོད་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་ཐའེ་ཝན་གྱི་གཡས་གཡོན་དུ་དམག་གི་ལས་དོན་གཞི་རྒྱ་ཆེ་རུ་བཏང་བ་མ་ཟད། ཐེ་ཝན་དེ་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པ་བསྐྱར་ནན་དང་། མཚོ་གླིང་དེ་རྒྱ་ནག་སྐམ་ས་དང་ཟླ་སྒྲིལ་བྱ་རྒྱུར་དྲག་ཤུགས་བེད་སྤྱོད་བྱེད་དགོས་བྱུང་ནའང་བྱེད་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

Latest news