ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་གིས་གནམ་གྲུའི་ཆོག་མཆན་མ་སྤྲོད་པའི་རྐྱེན་གྱིས་ཐའེ་ཝན་སྲིད་འཛིན་གྱི་འགྲུལ་བཞུད་ཕྱིར་འཐེན་བྱེད་དགོས་འཁེལ་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

ཐའེ་ཝན་གྱི་སྲིད་འཛིན་ Lai Ching Te མཆོག་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གྲངས་ལྔ་ཙམ་གྱི་རིང་ལྷོ་ཨཧྥེ་རི་ཀའི་རྒྱལ་ཁབ་ Eswatini ནང་ཕྱོགས་བསྐྱོད་གནང་གི་ཡོད་ཀྱང་། གླིང་ཕྲན་དེའི་ནང་གི་རྒྱལ་ཁབ་གསུམ་གྱིས་ཁོ་ཚོའི་མཁའ་དབྱིངས་བརྒྱུད་ནས་གནམ་གྲུ་འཕུར་རྒྱུའི་ཆོག་མཆན་སྤྲད་མེད་པ་ལྟར་ཕྱོགས་བསྐྱོད་སྐབས་མཚམས་སུ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་དང་། སྲིད་འཛིན་མཆོག་གིས་དེའི་རྒྱབ་ཏུ་རྒྱ་ནག་གི་གནོན་ཤུགས་ཡོད་པའི་སྐྱོན་བརྗོད་ནན་པོ་གནང་འདུག

Taiwan president cancels trip after African countries revoke flight permits
Lai Ching Te

དེའང་དབྱིན་ཇིའི་ BBC གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། སྲིད་འཛིན་ Lai Ching Te མཆོག་ Eswatini ནང་ཡུལ་དེའི་རྒྱལ་པོ་ Mswati གསུམ་པ་མཆོག་གི་འཁྲུངས་སྐར་དང་ཁོང་གསེར་ཁྲིར་མངལ་གསོལ་སྟེ་མི་ལོ་ ༤༠ འཁོར་བའི་དུས་དྲན་སླད་ཆེད་ཕེབས་གནང་གི་ཡོད་ཀྱང་། Seychelles དང་ Mauritius, Madagascar བཅས་རྒྱལ་ཁབ་གསུམ་གྱིས་དེ་གའི་ཁ་དབྱིངས་སུ་གནམ་གྲུ་འཕུར་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་པ་དང་། དེ་ནི་ཐའེ་ཝན་གྱི་དབུ་ཁྲིད་ཞིག་གིས་འདི་ལྟ་བུའི་རྒྱུ་མཚན་འོག་ཕྱིའི་རྒྱལ་ཁབ་ཀྱི་ཕྱོགས་བསྐྱོད་ཕྱིར་འཐེན་གནང་བའི་དོན་རྐྱེན་མངོན་གསལ་དོད་པོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

མིང་གསལ་མ་གནང་བའི་ཐའེ་ཝན་གྱི་དབུ་ཁྲིད་ཞིག་གིས་ BBC གསར་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ལྷོ་ཨཧྥེ་རི་ཀའི་རྒྱལ་ཁབ་གསུམ་པོ་དེ་དག་གིས་རྒྱ་ནག་གི་གནོན་ཤུགས་དྲག་པོ་དང་དཔལ་འབྱོར་གྱི་སྡིགས་རའི་ཁྲོད་ཐག་གཅོད་དེ་ལྟར་བྱས་ཡོད་པ་དང་། རྒྱ་ནག་ངོས་ནས་སྐྱོན་འཛུགས་དེར་ཁས་ལེན་བྱས་མེད་པ་དེ་ལྟར་ཡང་རྒྱལ་ཁབ་དེ་དག་གི་ཐག་གཅོད་ལ་བསྔགས་བརྗོད་ཤུགས་ཆེ་བྱས་འདུག  དེའང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཞིག་འདོན་སྤེལ་བརྒྱུད། འབྲེལ་ཡོད་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མུ་མཐུད་བྱས་པ་དེ་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་སྒྲིག་སྲོལ་དང་ཡོངས་སུ་མཐུན་པ་ཡིན་ཞིང་། རྒྱ་ནག་གིས་དེར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་དང་། སུས་ཀྱང་རྒྱ་ནག་མེས་རྒྱལ་གཅིག་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འགྲོ་ཕྱོགས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

སྤྱིར་ Eswatini ནི་ཐའེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་བ་ཡོད་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ཨ་ཧྥེ་རི་ཀའི་ནང་གི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་རེད་འདུག  Seychelles དང་ Mauritius, Madagascar བཅས་རྒྱལ་ཁབ་གསུམ་གྱིས་ Reuters གསར་ཁང་ལ་གསུངས་པར་གཞིགས་ན། ཁོང་རྣམ་པས་ཐག་གཅོད་དེ་ལྟར་བྱས་པ་དེ་ནི་ཁོ་ཚོས་ཐའེ་ཝན་ལ་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་གྱིས་ཡིན་པར་བརྗོད་པ་དང་། ཐའེ་ཝན་གྱི་དཔོན་རིགས་ཚོས་རྒྱལ་ཁབ་གསུམ་གྱིས་གནམ་གྲུ་འཕུར་བསྐྱོད་ཀྱི་ཆོག་མཆན་ཕྱིར་འཐེན་བྱས་པ་དེ་ནི་གློ་བུར་དང་སྔོན་བརྡ་མེད་པར་བྱུང་བ་ཞིག་ཡིན་པས་སྐྱོན་བརྗོད་གནང་འདུག

Eswatini King Mswati
Eswatini King Mswati

ཐེངས་འདིའི་གནས་ཚུལ་དང་བསྟུན་ཐའེ་ཝན་གྱི་སྲིད་འཛིན་མཆོག་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་བཙན་ཤེད་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ། དེས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་འཛིན་གྱིས་རྒྱལ་སྤྱིའི་ལམ་ལུགས་ལ་བཟོ་བའི་ཉེན་ཁ་གསལ་པོར་མངོན་གྱི་ཡོད་པ་གསུངས་བ་མ་ཟད། ཉེན་བརྡ་དང་བཙན་ཤེད་གང་འདྲ་ཞིག་ཡིན་རུང་། ཐའེ་ཝན་གྱིས་འཛམ་གླིང་དང་འབྲེལ་བ་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

དེའི་ཁྲོད་དེ་སྔ་ Swaziland ཞེས་ཡོང་གྲགས་སུ་འབོད་པའི་ Eswatini གཞུང་གིས་སྲིད་འཛིན་ Lai Ching Te མཆོག་ད་རེས་རྒྱལ་ཁབ་དེར་ཕེབས་མ་ཐུབ་པ་དེ་ནི་བློ་ཕམ་དགོས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡང་།  དེས་ང་ཚོའི་བར་གྱི་ལོ་རྒྱུས་རིང་པོའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་ལ་འགྱུར་བ་གཏོང་མི་ཐུབ་ཅེས་གསུངས་འདུག  ལའེ་ནི་ཟླ་བ་ ༤ པའི་ཚེས་ ༢༢ ནས་ ༢༦ བར་ Eswatini དུ་ཕྱིན་ཏེ། རྒྱལ་པོ་ Mswati གསུམ་པས་རྒྱལ་སྲིད་བསྐྱངས་ནས་ལོ་བཞི་བཅུ་འཁོར་བ་དང་རྒྱལ་པོའི་འཁྲུངས་སྐར་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་རེད།

གཞི་རྩའི སྲིད་འཛིན་ Lai Ching Te མཆོག་དེ་རིང་ཕྱི་ཟླ་ ༤ ཚེས་ ༢༢ ནས་འགོ་འཛུགས་ཀྱིས་ཚེས་ ༢༦ བར་ Eswatini ནང་ཆེད་ཕེབས་ཀྱིས། རྒྱལ་པོ་ Mswati གསུམ་པ་མཆོག་གིས་རྒྱལ་སྲིད་བསྐྱངས་ནས་ལོ་བཞི་བཅུ་འཁོར་བ་དང་རྒྱལ་པོའི་སྐྱེས་སྐར་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དེ་ལྟར་ཡང་། ད་ཆ་སྲིད་འཛིན་མཆོག་རྒྱལ་ཁབ་དེའི་ནང་ཕེབས་ཐུབ་མེད་སྟབས། ཁོང་གིས་ཚབ་ཏུ་དམིགས་བསལ་སྐུ་ཚབ་ཞིག་ཆེད་གཏོང་གནང་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།