རྒྱ་གཞུང་གི་འགོག་རྐྱེན་ལ་ལྟོས་མེད་ཐའེ་ཝན་གྱི་སྲིད་འཛིན་ Eswatini ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

ཐའེ་ཝན་གྱི་སྲིད་འཛིན་ Lai Ching Te མཆོག་ཟླ་བ་འདིའི་ཚེས་ ༢ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༥ བར་ལྷོ་ཨ་ཕི་རི་ཀའི་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པོ་སྟེ་ Eswatini ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འདུག རྩ་བའི་ཆར་ཐའེ་ཝན་སྲིད་འཛིན་གྱི་ Eswatini ནང་གི་ཕྱོགས་བསྐྱོད་འདི་བཞིན་ཟླ་བ་སྔོན་མའི་ཚེས་ ༢༢  ནས་ ༢༦ བར་གནང་གཏན་ཁེལ་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་གནོན་ཤུགས་ཁྲོད་ Seychelles དང་ Mauritius དེ་བཞིན་ Madagascar བཅས་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་གསུམ་གྱིས་ཁོ་ཚོའི་མཁའ་དབྱིངས་བརྒྱུད་ཐའེ་ཝན་སྲིད་འཛིན་གྱི་གནམ་གྲུ་འཕུར་རྒྱུའི་ཆོག་མཆན་མ་སྤྲད་པའི་རྐྱེན་གྱིས་ཕྱོགས་བསྐྱོད་རེ་ཞིག་ཕྱེར་འཐེན་གནང་དགོས་བྱུང་ཡོད་པ་རེད།

དེ་ཡང་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་འགོག་རྐྱེན་ལ་ལྟོས་མེད། ཐའེ་ཝན་སྲིད་འཛིན་མཆོག་ཟླ་བ་འདིའི་ཚེས་ ༢ ཉིན་གྱི་སྔ་དྲོ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ Eswatini ནང་ཕེབས་འབྱོར་གནང་བའི་རྗེས་སུ། ཚེས་ ༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་དེའི་སྐོར་གཞི་ནས་གནས་ཚུལ་སྤེལ་ཡོད་པ་དང་། དེ་རིང་སྲིད་འཛིན་མཆོག་ཐའེ་ཝན་ནང་ཕྱིར་ལོག་ཀྱང་གནང་ཟིན་ཡོད་འདུག

གནས་ཚུལ་ཐོན་ཁག་ལ་གཞིགས་ན། སྲིད་འཛིན་ Lai Ching Te མཆོག་ Eswatini གཞུང་གི་གནམ་གྲུའི་བརྒྱུད་ནས་ཡུལ་དེར་ཆེད་ཕེབས་གནང་ཡོད་པ་དང་། དེའང་ཉིན་གྲངས་མང་པོའི་རིང་གཞུང་འབྲེལ་དང་རྒྱལ་སྲུང་རུ་ཁག་གི་གྲ་སྒྲིག་ཐོག་ནས་ཕེབས་ཡོད་པ་རེད་འདུག ལྷོ་ཨ་ཕི་རི་ཀའི་ CNBC བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བ་ལྟར། སྲིད་འཛིན་ Lai ལགས་ཀྱི་གནམ་གྲུ་ Airbus A340 དེ་ཁ་སང་རེས་གཟའ་ཟླ་བའི་ཉིན་ Eswatini ནས་འཕུར་ཏེ Christmas Island དང་ Indonesia, Malaysia, Brunei དེ་བཞིན་ Philippines སོགས་ལྷོ་རྒྱ་གར་རྒྱ་མཚོའི་མཁའ་ལམ་རིང་བའི་བརྒྱུད་ནས་ཐའེ་ཝན་ནང་ཕྱིར་ལོག་གནང་ཡོད་པ་རེད་འདུག

རྩ་བའི་རྒྱ་ནག་གི་ངོས་ནས་དམངས་གཙོའི་གཞུང་ལྡན་པའི་ཐའེ་ཝན་རྒྱལ་ཁབ་འདི་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཞིག་ཡིན་པར་བརྗོད་བཞིན་པའི་ཁྲོད། མགྱོགས་མྱུར་དམག་དང་གོ་མཚོན་གང་སྤྱིའི་ཐོག་ནས་ཐའེ་ཝན་དེ་རྒྱ་ནག་ནང་དུ་ཟླ་སྒྲིལ་གཏང་རྒྱུ་ཡིན་སྐོར་བརྗོད་བཞིན་པ་མ་ཟད། ཐའེ་ཝན་ལ་གཞུང་འབྲེལ་ཐོག་རྒྱལ་ཁབ་གཞན་དང་འབྲེལ་ལམ་བྱེད་རྒྱུའི་ཐོབ་ཐང་མེད་སྐོར་བརྗོད་བཞིན་པ་རེད། རྒྱ་ནག་གཅིག་གི་སྲིད་བྱུས་ལུང་འདྲེན་གྱིས་རྒྱལ་ཁབ་གཞན་རྣམས་ལ་ཐའེ་ཝན་དང་འབྲེལ་བ་བྱེད་རྒྱུ་མེད་པའི་གནོན་ཤུགས་དང་སྐུལ་མ་སྤེལ་གྱི་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་ཐའེ་ཝན་སྲིད་འཛིན་གྱི་སྐོར་སྐྱོད་ཀྱི་གནས་ཚུལ་ཡོང་གྲགས་ཆགས་མ་ཐག་རྒྱ་ནག་ནང་གི་ཐའེ་ཝན་ལས་དོན་ལས་ཁུངས་ཀྱི་འགྲིན་ཚབ་པ་ཞིག་གིས། Lai Ching Te ཡི་ཁ་ཁུ་སིམ་པོའི་ཐོག་ Eswatini ནང་དུ་ཕྱིན་ཡོད་པ་དང་། ཁོ་པས་ཐབས་སྡུག་གི་བྱ་སྤྱོད་འདི་ནི་ཙི་ཙིའི་བྱེད་སྟངས་ལྟ་བུ་ཡིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕྱ་སྨོད་བྱེད་ས་ཆགས་ངེས་ཡིན་པ་བརྗོད་འདུག

ཡིན་ནའང་ཐའེ་ཝན་ནང་གི་རྒྱ་ནག་ལས་དོན་ལས་ཁུངས་ཀྱི་གསུངས་པར་གཞིགས་ན། སྲིད་འཛིན་ Lai Ching Te ལགས་རྒྱལ་ཁབ་གང་དུ་ཕེབས་པར་རྒྱ་ནག་གི་ཆོག་མཆན་དགོས་ཀྱི་མེད་པ་དང་། རྒྱ་ནག་གིས་ཐའེ་ཝན་ལས་དོན་ལས་ཁུངས་ཀྱི་མཐའ་གཞན་གྱི་འགྲེལ་བརྗོད་བྱེད་སྟངས་དེ་དག་ཚད་ལས་བརྒལ་བ་ཡིན་པ་གསུངས་འདུག

ཐེངས་འདིའི་ Eswatini ཕྱོགས་བསྐྱོད་སྐབས། སྲིད་འཛིན་ Lai Ching Te ཡི་ Eswatini རྒྱལ་པོ་མཆོག་ལ། ཐའེ་ཝན་འདི་བཞིན་རང་བཙན་རྒྱལ་ཁབ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་བདག་པའི་ས་ཁུལ་ཞིག་ཡིན་པ། དེ་བཞིན་ཐའེ་ཝན་གྱི་མི་སེར་ས་ཡ་ ༢༣ དེ་དག་ལ་འཛམ་བུ་གླིང་གཞན་དང་ལྷན་དུ་འབྲེལ་བ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་དང་། རྒྱལ་ཁབ་སུ་ལའང་ཐའེ་ཝན་གྱི་འཛམ་བུ་གླིང་ལ་ལེགས་སྐྱེས་ཞུ་བར་བཀག་སྡོམ་བྱེད་ཆོག་གི་མ་རེད་ལ་ཐབས་ཤེས་ཀྱང་གཏང་རྒྱུ་མེད་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེ་འབྲེལ་འགྲེལ་བརྗོད་གནང་བའི་ནང་དུ། ཐའེ་ཝན་འདི་བཞིན་འཇོན་ཐང་དང་ཡིད་ཆེ་ཕེར་བའི་ཨ་རིའི་མཐུན་གྲོགས་ཞིག་ཡིན་པ་དང་། ཐའེ་ཝན་གྱི་ Eswatini གཙོས་པའི་རྒྱལ་སྤྱིའི་འབྲེལ་ལམ་དེ་དག་གིས་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།