ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཛམ་བི་ཡཱ་ Zambia ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་འཚོག་ལ་ཉེ་བའི་དུས་སྐབས་འདིར། ལྷན་ཚོགས་དེའི་ནང་ཐའེ་ཝན་གྱི་སྐུ་ཚབ་མཉམ་ཞུགས་ལ་བསྙད་འདོགས་ཏེ་རྒྱ་ནག་གི་གནོན་ཤུགས་འོག་ཕྱིར་བསྡུ་བྱས་འདུག་པ་དང་། གནད་དོན་དེ་ནི་ཞི་བའི་འདུ་འཛོམས་ཀྱི་གཞི་རྩའི་རང་དབང་ལ་རྡོག་རོལ་དང་རྒྱལ་མཚམས་རྒྱལ་བའི་དྲག་གནོན་གྱི་བདེན་དཔང་ཞིག་ཡིན་པ་ཐེར་འདོན་གནང་འདུག

དེ་ཡང་དེ་རིང་ཕྱི་ཚེས་ ༥ ནས་ཚེས་ ༨ བར་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཛམ་བི་ཡཱ་ Zambia ཡི་རྒྱལ་ས་ལུ་སཱ་ཀཱ་ Lusaka ནང་དུ་ ༢༠༢༦ ལོའི་ RightsCon ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་འཚོག་གཏན་འཁེལ་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ ༡༥༠ ལྷག་དང་ལྟེ་གནས་ཁང་ ༧༥༠ ནས་ཚོགས་བཅར་བ་ ༣༧༠༠ ལྷག་མཉམ་ཞུགས་གནང་གི་ཡོད་པ་དེ་ལྟར་ཡང་། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཡུལ་དེ་གའི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་ Ministry of Technology and Science (MoTS) ནས་ཛ་དྲག་གི་གནད་དོན་དང་འབྲེལ་ནས་གོ་སྒྲིག་པ་ RightsCon ལ་ཁ་པར་བརྒྱུད་རྒྱ་ནག་གཞུང་ཚབ་མི་སྣས་ལྷན་ཚོགས་དེའི་ནང་ཐའེ་ཝན་གྱི་སྐུ་ཚབ་དེ་དག་དངོས་སུ་མཉམ་ཞུགས་གནང་འཆར་ཡོད་པའི་སྐོར་གླེང་སློང་གིས་ཡུལ་དེ་གའི་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་བརྗོད་འདུག ལྷན་ཚོགས་གོ་སྒྲིག་པ་དང་ཛམ་བི་ཡཱ་གཞུང་གཉིས་ཀྱིས་ཕྱི་ལོ་ ༢༠༢༣ ནས་བཟུང་དེ་འབྲེལ་ལྷན་ཚོགས་འཚོག་རྒྱུར་གོ་བསྡུར་རིམ་པ་དང་འཆར་གཞི་ཆ་ཚང་གྲུབ་ཟིན་པ་དེ་ལྟར་ཡང་། ཛམ་བི་ཡཱའི་གཞུང་གི་ཐག་གཅོད་དེ་དང་འབྲེལ་ནས་གོ་སྒྲིག་ཚོགས་པས་གཞུང་ལ་འབྲེལ་གཏུག་རིམ་པ་བྱས་ཀྱང་ལན་འདེབས་གསལ་བཤད་འཐུས་ཚང་མེད་པའི་རྐྱེན་གྱིས་ཁུལ་དེར་འཚོག་རྒྱུ་ཕྱིར་བསྡུ་གནང་འདུག
ཟླ་བ་འདིའི་ཚེས་ ༡ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ RightsCon གྱིས་ཚོགས་འདུ་ཕྱིར་བསྡུ་དང་འབྲེལ་བའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་དུ་མི་དངོས་སུ་བཅར་བའམ་དྲྭ་ཐོག་ནས་ཀྱང་ལྷན་ཚོགས་དེ་ཉིད་ཛམ་བི་ཡཱའི་ནང་འཚོག་མ་ཐུབ་པའི་རྒྱུ་རྐྱེན་ནི་ཕྱིའི་ཐེ་བྱུས་ཞིག་ཡིན་པ་ངོན་འཛིན་བྱེད་ཀྱི་ཡོད་ཅེས་ཐེར་འདོན་དང་འབྲེལ། ལྷན་ཚོགས་མ་འཚོག་པའི་སྔོན་ལ་ཞིབ་འཇུག་དང་བརྒྱུད་རིམ་མང་དག་ཅིག་གི་བརྒྱུད་ནས་རྒྱལ་ཁབ་གང་དུ་འཚོག་རྒྱུ་ཡིན་མིན་ཐག་གཅོད་བྱེད་ཀྱི་ཡོད་སྟབས། ཨ་ཕི་རི་ཀའི་རྒྱལ་ཁབ་ཛམ་བི་ཡཱའི་ནང་དུ་འཚོག་གཏན་འཁེལ་བ་དེ་ནི་ལྟས་དབང་ཞིག་མིན་པ་མངོན་གསལ་གནང་འདུག
རྩ་བའི་ལྷན་ཚོགས་དེའི་ཐོག་མི་བཟོས་རིག་ནུས་དང་དྲྭ་རྒྱའི་ལྟ་སྲུང་། འཕྲུལ་རིག་དམག་དོན་དུ་བསྒྱུར་བ། གནས་ཚུལ་རྫུན་མ་ཁྱབ་གདལ་འགྲོ་བཞིན་པའི་གནད་དོན་ཚུད་པའི་དྲྭ་རྒྱའི་དུས་རབས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གྱི་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་ཚོགས་པའི་ངོས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཟླ་མཇུག་ཏུ་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་ནང་། དེ་སྔོན་ཕྱི་ལོ་ ༢༠༢༣ ལོར་ Costa Rica ཀོས་ཊ་རི་ཀཱ་ནང་དུ་ལྷན་ཚོགས་དེ་འཚོགས་སྐབས། ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་མཉམ་ཞུགས་པ་མང་དག་ཅིག་ལ་མཐོང་མཆན་གྱི་འགོག་རྐྱེན་འོག་ལྷན་བཅར་ཞུས་ཐུབ་མེད་པའི་གནད་དོན་དང་འབྲེལ་ནས་ཁུལ་དེར་འཚོག་རྒྱུར་ཐག་གཅོད་བྱས་པ་ཞིག་ཡིན་པ་གསུངས་འདུག མ་ཟད་འདས་པའི་ལོ་འགའ་ཤས་ནང་དུ་ཨ་ཕི་རི་ཀ་ཁྱོན་ཡོངས་སུ་དྲྭ་རྒྱ་ཐོབ་ཐང་གི་ཞུ་གཏུག་དང་ཞིབ་འཇུག གསར་གཏོད་བཅས་ཚད་ཐོ་རུ་ཕྱིན་ཡོད་པ་མ་ཟད། ཨ་ཕི་རི་ཀའི་དྲྭ་རྒྱའི་ཐོབ་ཐང་གི་སྤྱི་ཚོགས་འདི་བཞིན་ནུས་པ་ལྡན་པ། གདོང་ལེན། རྒྱལ་སྤྱིའི་གནད་འགག་ཞིག་ལ་ངོས་འཛིན་གྱིས་ཁུལ་དེར་འཚོག་རྒྱུ་ཐག་གཅོད་བྱས་ཡོད་པའང་གསུངས་འདུག
དེ་བཞིན་ལྷན་ཚོགས་ཕྱིར་བསྡུའི་བསྒྲགས་གཏམ་དེའི་ནང་། གོ་སྒྲིག་པའི་ངོས་ནས་ཛམ་བི་ཡཱའི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་མཉམ་དུ་གཉིས་མོས་ཀྱི་གན་རྒྱ་དང་། དེ་བཞིན་མཉམ་ཞུགས་པ་མཐོང་མཆན་དགོས་གལ་རིགས་ཀྱི་ཆེད་དུ་ལོགས་སུ་གན་རྒྱ་ཡང་བཞག་ཡོད་པ་བཀོད་འདུག ལྷག་པར་ཡུལ་དེ་གའི་ཡུལ་སྐོར་སྤྲོ་འཆམ་པའི་ལྷན་ཁང་དང་། བརྒྱུད་ལམ་དང་འཆར་སྤྲིན་ལྷན་ཁང་། གནས་སྤོ་ལྷན་ཁང་བཅས་དང་ལྷན་དུ་ལས་དོན་བྱེད་ཕྱོགས་ཀྱི་འབྲེལ་ལམ་ཡང་བཙུགས་ཡོད་པ་མ་ཟད། གཞི་རིམ་ལས་དོན་དང་འབྲེལ་ནས་གཞུང་འབྲེལ་དཔོན་རིགས་མཐོ་གྲས་ལྷན་དུ་དངོས་དང་དྲྭ་རྒྱའི་ཐོག་ནས་ཚོགས་འདུ་རིམ་པ་འཚོགས་ཡོད་ཅིང་། སྐབས་དེར་ཚོགས་འདུའི་ངོ་བོ་དང་རྒྱབ་ལྗོངས་སྣ་མང་ལྡན་པའི་མཉམ་ཞུགས་པ་ཡོད་པའི་གནད་དོན་སྙན་སེང་ཞུས་ཡོད་ཀྱང་། མཉམ་ཞུགས་བྱེད་མཁན་ཐད་སེམས་འཚབ་ཀྱི་རྣམ་པ་གང་ཡང་གསལ་སྟོན་གནང་མེད་པ་མངོན་གསལ་གནང་འདུག

ལྷག་པར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གིས་གནོན་ཤུགས་སྤྲད་པའི་གནས་ཚུལ་བྱུང་མ་ཐག མཉམ་ཞུགས་པ་རྣམས་འབྱོར་འགོ་ཚུགས་སྐབས། Immigration གནས་སྤོའི་དབང་ལྡན་འགན་འཛིན་དེ་དག་གིས་ལྷན་ཚོགས་དེ་ནི་ཕྱིར་བསྡུ་བྱས་ཟིན་སྐོར་བཤད་པའི་གནས་ཚུལ་ཤེས་རྟོགས་རྗེས། འབྲེལ་བ་ཞུ་ཐབས་བྱས་ཀྱང་ཡ་ལན་གང་ཡང་མ་བྱུང་བ་དང་། ཕྱི་ཚེས་ ༢༨ ཉིན་ཡུལ་དེ་གའི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་གི་དབང་ལྡན་འགན་འཛིན་གྲས་པ་ཞིག་གིས་བརྗོད་དོན་ལ་ RightsCon རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་དུས་འགྱངས་ཡང་ན་ཕྱིར་བསྡུ་བྱ་དགོས་སྐོར་བཤད་ཅིང་། དེར་གསལ་བཤད་གཙང་མ་ཞིག་དགོས་ངེས་ཡིན་པའི་འབོད་སྐུལ་ཞུས་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་ནས་ལན་འདེབས་གསལ་བཤད་གང་ཡང་བྱུང་མེད་པ་མངོན་གསལ་གནང་འདུག
མ་ཟད་ཕྱི་ཚེས་ ༢༨ ཉིན་ཛམ་བི་ཡཱའི་གཞུང་འབྲེལ་བརྒྱུད་ལམ་ཐོག་གཞུང་ནས་ལྷན་ཚོགས་དེ་ཉིད་དུས་འགྱངས་བྱས་ཡོད་སྐོར་བཤད་ཡོད་ཅིང་། ཐག་གཅོད་དེ་ནི་གཞུང་གིས་དེ་སྔོན་འབྲེལ་ལམ་ལ་སྣང་མེད་ཀྱིས་ལུགས་མཐུན་གསལ་བསྒྲགས་གང་ཡང་མེད་སྟབས། ཧ་ལས་དགོས་པ་ཞིག་ཏུ་གྱུར་སོང་བཅས་གསུངས་འདུག དེའི་རྗེས་ཕྱི་ཚེས་ ༢༩ ཉིན་གྱི་ཕྱག་ཚོད་ ༡༡།༣༠ ཐོག་ལྷན་ཁང་གི་དབང་ལྡན་འགན་འཛིན་བཅས་དང་ལྷན་དུ་ཚོགས་འདུ་འཚོག་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། ཚོགས་འདུ་དུས་འགྱངས་ཀྱིས་དུས་ཚོད་འཕར་མ་གང་ཡང་སྤྲད་མེད་པ་དང་། ཕྱིས་སུ་ཡུལ་དེའི་བརྒྱུད་ལམ་དང་འཆར་སྤྲིན་ལྷན་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ལྷན་ཚོགས་དེ་ཉིད་དུས་འགྱངས་བྱ་དགོས་པའི་གནད་དོན་གསལ་ཡོད་པ་དེ་ལྟར་ཡང་། འབྲེལ་ལམ་དང་གོ་བསྡུར་ཞུ་རྒྱུའི་ཆ་རྐྱེན་གང་ཡང་བསྐྲུན་མེད་པ་གསལ་སྟོན་གནང་འདུག
ཕྱི་ཚེས་ ༢༩ ཉིན་དེ་རང་ལ་ཚན་རིག་དང་འཕྲུལ་རིག་ལྷན་ཁང་ནས་གཞུང་འབྲེལ་གྱི་བསྒྲགས་གཏམ་ཐེངས་དང་པོ་འབྱོར་བ་དེའི་ནང་། ལྷན་ཚོགས་དེའི་ཐོག་གླེང་སློང་བྱ་རྒྱུའི་ཚོར་བ་རྣོ་བའི་གནད་དོན་གང་ཡོད་ཀྱང་ཕྱི་གསལ་བྱ་དགོས་པ་དང་། གནད་དོན་དེ་དག་ཛམ་བི་ཡཱ་རྒྱལ་ཁབ་ཀྱི་མངོན་འདོད་དང་མཐུན་གྱི་ཡོད་མེད་སོགས་ཕྱི་ཚུལ་ལ་གྲོས་མོལ་བྱ་རྒྱུའི་མགྲོན་བརྡ་ཞིག་ཏུ་སྣང་ཡང་། དོན་ལ་ལྷན་ཚོགས་དེའི་བརྗོད་གཞི་ངེས་ཅན་ལ་སྟངས་འཛིན་བྱ་དགོས་པ་དང་། ཐའེ་ཝན་གྱི་མཉམ་ཞུགས་པ་དེ་དག་དངོས་སམ་དྲྭ་ཐོག་ནས་ཀྱང་མཉམ་ཞུགས་བྱེད་རྒྱུ་མེད་པ་བཟོ་དགོས་རྒྱུ་དེ་ཡིན་པ་བརྒྱུད་ལམ་གཞན་ནས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་ཕྱི་གསལ་གནང་འདུག
གཞི་རྩའི་ RightsCon རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གོ་སྒྲིག་ཚོགས་པ་དང་ Access Now Team གྱི་ངོས་ནས་གཞུང་དང་ལྷན་དུ་མཉམ་ལས་བྱ་རྒྱུར་འདུན་པ་མེད་པ་མིན་ཡང་། ཛམ་བི་ཡཱའི་གཞུང་གིས་བཏོན་པའི་ཆ་རྐྱེན་དེ་དག་ཁས་ལེན་བྱ་ཐབས་བྲལ་བ་ཞིག་དང་། ལྷན་ཚོགས་ཀྱི་ལངས་ཕྱོགས་དང་རྒྱབ་འགལ་དུ་འགྲོ་ཡི་ཡོད་པ་མ་ཟད། གཞུང་གི་འབྲེལ་ལམ་བྱེད་སྟངས་ཀྱི་བརྒྱུད་རིམ་དེས་མ་འོངས་པར་བཟང་པོའི་ཐོག་ནས་འབྲེལ་མོལ་བྱ་རྒྱུའི་བདེན་པ་དང་། དྲང་བདེན། རིན་ཐང་བཅས་ལ་དྲི་བ་ཆེན་པོ་ཞིག་སློང་གི་ཡོད་པ་ནན་བརྗོད་གནང་འདུག ལྷག་པར་ཕྱོགས་གཅིག་ཁོ་ནའི་ཐག་གཅོད་དེ་ནི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བདེན་དཔང་དང་། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་སྤེལ་རྒྱུའི་གོ་ཡུལ་ཆུང་དུ་འགྲོ་ཡི་ཡོད་པའི་ཉན་བརྡ་བཏང་འདུག མ་ཟད་ད་ལྟའི་ཆར་ལྷན་ཚོགས་དེར་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་གནོན་ཤུགས་ཆེན་པོ་ཡོད་སྟབས། གནད་དོན་དེའི་བརྒྱུད་ནས་གོ་སྒྲིག་པ་རྣམ་པར་ངེས་གཏན་མེད་པ་དང་འཚོ་གནས་ཀྱི་དཀའ་ངལ་ཤུགས་ཆེ་ཡོད་པ་ཚོར་སོང་ཅེས་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེ་ནི་དེ་རེས་ཐེངས་ ༡༤ པ་དེ་ཡིན་ཞིང་། ལོ་སྔ་མའི་ནང་ལྷན་ཚོགས་དེ་ཐའེ་ཝན་ནང་དུ་འཚོགས་ཡོད་པ་རེད།




