ཐའེ་ཝན་གྱི་འོས་བསྡུའི་ལས་རིམ་ནང་རྒྱ་ནག་གིས་རྫུན་གཏམ་ཁྱབ་སྤེལ་སོགས་ཀྱིས་ཐེ་བྱུས་བྱེད་བཞིན་པ་ཐེར་འདོན།

Tibetan News Headlines

  • Tibetans Welcome Centre’s Move to Allot Bungalow to Dalai Lama in Lutyens’ Delhi
  • China’s treatment of Tibet is a template for its ambitions worldwide: Sikyong Penpa Tsering
  • More Than 140 Tibet Support Groups Call for Investigation into Attack on South Africa Office of Tibet
  • Chinese Technology Company Huawei Found Guilty of Stealing US Trade Secrets
  • China’s Rising Star and Shanghai Party chief Chen Jining under investigation
  • The Fourth International Buddhist Conference Held at Sera Jey Monastery
  • CTA Reaffirms Zero Tolerance for Gender Based Violence and Discrimination

ཪེས་གཟའ་ལྷག་པ། ༢༠༢༦།༡༡།༢༥

  • རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ལྡི་ལིར་བཞུགས་གནས་ཤིག་ཕུལ་བར་བོད་མིས་དགའ་བསུ་ཞུ་བཞིན་པ།
  • བོད་ནང་དུ་རྒྱ་གཞུང་གི་བྱེད་བབ་དེ་ནི་འཛམ་གླིང་ཡོངས་ལ་བཟུང་བའི་དམིགས་ཡུལ་གྱི་དཔེ་མཚོན་རེད་ཅེས་ཉེན་བརྡ་བཏང་འདུག
  • ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་ལ་སྣུམ་གྱི་མེ་སྲེག་བཏང་བའི་གནད་དོན་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༤༠ ལྷག་གི་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ།
  • རྒྱ་ནག་གི་འཕྲུལ་ལས་ཁང་ཧུ་ཧ་ཝེས་ཨ་རིའི་ཚོང་དོན་གསང་བ་རྐུ་ཁྱེར་བྱས་པར་ཁྲིམས་བཅད་བཏང་འདུག
  • རྒྱ་ནག་གིས་ཧྲང་ཧའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཅཱེན་ཇི་ནིང་ལ་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་འདུག
  • སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག
  • བོད་མིའི་སྒྲིག་འཛུགས་ནས་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་རིགས་ལ་བཟོད་སྲན་རྩ་བ་ནས་མེད་ཅེས་བསྐྱར་ནན་གནང་འདུག

ཐའེ་ཝན་གྱི་ས་གནས་འོས་བསྡུའི་ལས་རིམ་སླེབས་ལ་ཉེ་བ་དང་།  ཐའེ་ཝན་རང་བཙན་འདོད་མཁན་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཐེངས་འདིའི་འོས་བསྡུའི་ལས་རིམ་ནང་གི་འོས་མི་ Puma Shen ལ་རྒྱ་ནག་གི་དམིགས་འབེན་བཟུང་བའི་ཐོག་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ Lai Ching-te མཆོག་རྣམ་གཉིས་ཀྱི་སྐོར་རྫུན་གཏམ་ཁྱབ་སྤེལ་སོགས་ཀྱི་བརྒྱུད་ཐའེ་ཝན་གྱི་ས་གནས་འོས་བསྡུའི་ལས་རིམ་ནང་ཐེ་བྱུས་བྱེད་བཞིན་པ་ཐེར་འདོན་གནང་འདུག

China Accused of Interfering in Taiwan Elections Through Disinformation Campaigns
Photo: Reuters

དེ་ཡང་ Reuters བརྒྱུད་ལམ་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཡོང་རྒྱུའི་ཕྱི་ཚེས་ ༢༨ ཉིན་འཚོག་གཏན་ཁེལ་བའི་ཐའེ་ཝན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྤྱི་ཁྱབ་དང་རྫོང་དཔོན་གྱི་འོས་བསྡུའི་ལས་རིམ་དེ་བཞིན་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་མེད་ནའང་།  རྒྱ་གཞུང་གིས་ཐའེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུའི་དམིགས་ཡུལ་བཟུང་བཞིན་པའི་ཐོག་ཡུལ་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ཀྱི་ཡོད་པར་བརྟེན།  རྒྱ་ནག་གིས་ཐའེ་ཝན་ Democratic Progressive Party (DPP) མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ Lai Ching-te མཆོག་གཙོ་བོར་གྱུར་བའི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་མི་ Puma Shen ལགས་སོགས་ཀྱི་སྐོར་ལ་རྫུན་གཏམ་ཁྱབ་སྤེལ་བྱེད་བཞིན་པ་མ་ཟད།  Shen ནི་རྒྱ་ནག་གི་འཇིགས་སྐུལ་བེད་སྤྱོད་ཀྱིས་ཐའེ་ཝན་མི་མང་ལ་མགོ་སྐོར་བཏང་སྟེ་འོས་ཤོག་ཐོབ་ཐབས་བྱེད་མཁན་གྱི་རྒྱལ་ཚོང་བ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་འདུག་ལ།  རྒྱ་ནག་ཉེན་རྟོག་པས་ཁོང་ལ་དེ་སྔོན་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ཞིག་ཀྱང་བཏང་ཡོད་པ་རེད་འདུག

དེ་འབྲེལ་ཐའེ་ཝན་གྱི་རྒྱ་ནག་གི་སྲིད་བྱུས་གཏན་འབེབས་བྱེད་མཁན་གཙོ་བོ་ Chiu Chui-cheng གིས་ Reuters བརྒྱུད་ལམ་ལ།  ལོ་མང་རིང་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་དེ་བཞིན་རང་གི་ཐའེ་ཝན་ཐོག་འཛིན་པའི་སྲིད་བྱུས་དང་སྦྲེལ་དུ་བཅུག་ཡོད་པར།  ཐའེ་ཝན་འོས་བསྡུའི་སྔོན་གྱི་ཐེ་བྱུས་ནི་རྒྱ་ནག་ལ་གཡོལ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག་པ་མ་ཟད།  རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཚོགས་འགོ་ཁྲིད་གནང་མཁན་ཁོང་གིས།  རྒྱ་གཞུང་གིས་དེ་ལྟ་བུའི་ཐེ་བྱུས་ཀྱིས་ཐའེ་ཝན་མི་མང་གི་ཁྲོད་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་སྡང་སེམས་ཇེ་ཟབ་ཏུ་གཏོང་རྒྱུ་ལས་ཕན་ཐོགས་གང་ཡང་མེད་པ་གསུངས་འདུག

BBC གསར་ཁང་གིས་ཞིབ་འཇུག་གནང་བའི་གནས་ཚུལ་ནང་།  རྒྱ་ནག་གིས་དེ་སྔོན་ནས་རང་དང་ལྟ་སྤྱོད་མི་མཐུན་མཁན་ཐེ་ཝན་གཞུང་འཛིན་ཚོགས་པའི་འགོ་ཁྲིད་དང་ཡོང་རྒྱུའི་ས་གནས་འོས་བསྡུའི་ནང་ཆ་ཤས་བླང་མཁན་ཚོགས་པའི་འོས་མི་ཚོའི་སྐོར་ལ་རྫུན་གཏམ་ཁྱབ་སྤེལ་བྱེད་ཆེད་དུ་མིས་བཟོས་རིག་ནུས་ AI ལས་གྲུབ་པའི་ཁྱད་གསོད་ཀྱི་བརྙན་ཐུང་ ༥༠༠ ལྷག་བཀྲམས་ཡོད་པ་དང་།  བརྙན་ཐུང་དེ་དག་དུས་ད་ལྟའང་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་སྤེལ་བྱེད་བཞིན་པར།  ཞིབ་འཇུག་པ་ཚོས་བརྗོད་དོན་ལྟར་ན།  རྫུན་གཏམ་ཁྱབ་སྤེལ་གྱི་བྱ་འགུལ་དེ་དག་རྒྱ་ནག་དང་འབྲེལ་བ་ཡོད་པའི་ལས་དོན་གཉེར་མཁན་ཚོས་ཐའེ་ཝན་གྱི་འོས་བསྡུའི་ལས་རིམ་ནང་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག

སྤྱིར་ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་མི་ Shen ལགས་ཀྱིས་རང་ཉིད་ཀྱི་འོས་འགྲན་ལས་འགུལ་གྱི་དམིགས་གཏད་གཙོ་བོ་རྒྱ་ནག་ལ་བྱས་མེད་པར།  ཐའེ་ཝན་གྲོང་ཁྱེར་བསྐྱར་གསོ་ལྟ་བུའི་གནད་དོན་ཁག་ལ་དོ་སྣང་གཙོ་བོ་བྱས་ཡོད་པ་མ་ཟད།  ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པས་སྔོན་ཆད་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་བསྡུའི་རྒྱལ་ཁ་ཐེངས་གཅིག་མ་གཏོགས་ཐོབ་མེད་སྟབས།  ད་རེས་ Shen ཧྲེན་གྱིས་མི་མང་ཁྲོད་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་བསྡུ་རུབ་བྱས་ཡོད་པ་མ་ཟད་དེར་”རྒྱ་མཚོའི་རླབས་རྒྱུན་”ཞེས་འབོད་ཀྱི་ཡོད་པར།  ཁོང་གི་ཁ་གཏད་འོས་མི་ཐའེ་པེ་གྲོང་ཁྱེར་གྱི་ད་ལྟའི་སྤྱི་ཁྱབ་ Chiang Wan-an ནི་ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་ལྟེ་བ་ Kuomintang (KMT) གོ་མིན་ཏང་ནས་ཡིན་ཞིང་།  ཚོགས་པ་དེ་ནི་དུས་རྒྱུན་ནས་རྒྱ་ནག་དང་འབྲེལ་བ་དམ་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ།  དེའི་ཚོགས་གཙོ་ Cheng Li-wun གྱིས་ད་ལོའི་འགོ་སྟོད་དུ་པེ་ཅིང་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་པ་རེད། 

China Accused of Interfering in Taiwan Elections Through Disinformation Campaigns
Photo: Reuters

གང་ལྟར་ཡང་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས།  རྒྱ་གཞུང་གིས་ Puma Shen ལ་དེ་ལྟ་བུའི་སྡང་འཛིན་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི།  ཐའེ་ཝན་གྲོང་ཁྱེར་སྤྱི་ཁྱབ་དང་རྫོང་དཔོན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་འོས་མི་རྣམས་ཕྱིས་སུ་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཤུགས་རྐྱེན་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར།  རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཁོང་ལྟ་བུ་གལ་ཏེ་ས་གནས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་ཡིན་ན་རྒྱ་ནག་གི་ཐའེ་ཝན་ཐོག་བཟུང་བའི་དམིགས་ཡུལ་ལ་བར་ཆད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག   

རྩ་བའི་གྲོས་ཚོགས་འཐུས་མི་ Puma Shen ལྟ་བུ་མཚོན་ན།  དེ་སྔ་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་རྒྱ་ནག་གི་ཐའེ་ཝན་ལས་དོན་ལྷན་ཁང་གིས་མཐའ་གཅིག་ཏུ་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་བྲལ་རིང་ལུགས་པའི་ཐོ་གཞུང་ནག་པོའི་ནང་བཅུག་ཡོད་པ་མ་ཟད།  ཁོང་གིས་གསར་འཛུགས་གནང་བའི་ Kuma ​Academy ཀུ་མ་སློབ་གླིང་ཞེས་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་གནས་སྟངས་ལ་གདོང་ལེན་གྱི་ཆེད་དུ་མི་མང་ལ་གྲ་སྒྲིག་དགོས་པའི་སྤྱི་དམངས་སློབ་ཚན་གཉེར་གྱི་ཡོད་པ་དེ་ལའང་ཆད་པ་བཅད་ཡོད་པ་རེད།  ལྷག་པར་དུ་ཟླ་སྔོན་མ་ཕྱི་ཟླ་ ༡༠ པའི་ནང་ Shen ལགས་ཀྱི་ཁྱིམ་གྱི་ཕྱི་རོལ་དུ་བཞག་པའི་ཁོང་གི་འཕྲུལ་རྟའི་སྟེང་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞིའི་མི་སྣས་ལྟ་ཞིབ་ཡོ་བྱད་བཙུགས་པའི་གནས་ཚུལ་ཡང་བྱུང་ཡོད་པ་དང་།  ཟླ་བ་དེ་རང་གི་ནང་།  རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གཙོ་བོ་ CCTV ཡིས་ Shen གྱིས་རྒྱ་ནག་ལ་ངོ་རྒོལ་གྱི་གནད་དོན་དང་ཐའེ་ཝན་འོས་བསྡུའི་ནང་ཕྱི་ཕྱོགས་ཀྱི་ཐེ་བྱུས་སྐོར་གྱི་གླེང་སློང་བེད་སྤྱོད་བྱས་ཏེ་མི་མང་མགོ་སྐོར་གཏོང་བཞིན་པའི་ཐོག་འོས་ཤོག་འཚོལ་བསྡུ་བྱེད་ཀྱི་ཡོད་པ་བཤད་པ་མ་ཟད།  ཟླ་བ་སྔོན་མར་རྒྱ་གཞུང་གིས་ཁོང་གི་པཱ་ལགས་ཀྱི་ཚོང་ཁང་རྒྱ་ནག་ནང་ཡོད་པ་དེ་ལའང་ཉེས་ཆས་བཅད་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།