རྒྱ་ནག་གི་འཕྲུལ་རིག་བཟོ་སྐྲུན་ཁང་ཧུ་ཧ་ཝེ་(Huawei)ཡིས་ཨ་རིའི་འཕྲུལ་ལས་ཁང་ཁག་ནས་ཚོང་དོན་གསང་བ་བརྐུས་པ་དང་། ཨ་རིའི་དངུལ་ཁང་ལ་མགོ་སྐོར་བཏང་བའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་འདུག

དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༢༤ རེས་གཟའ་མིག་དམར་ཉིན་ཨ་རི་ནིའུ་ཡོག་གི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་འཕྲུལ་རིག་བཟོ་སྐྲུན་ཁང་ཧུ་ཧ་ཝེ་ཡིས་ཨེ་རན་ནང་དུ་ཚོང་ལས་གཉེར་གྱི་ཡོད་པའི་གནས་ཚུལ་སྦས་གསང་དང་། ཨ་རིའི་འཕྲུལ་ལས་ཁང་ཁག་ནས་ཚོང་དོན་གསང་བའི་གནས་ཚུལ་བརྐུས་པ་སོགས་ཁེ་ལས་ཁང་དེ་ལ་ཕོག་པའི་ནག་ཉེས་གྲངས་ ༡༢ ནས་ནག་ཉེས་ ༡༠ བདེན་དཔང་ར་འཕྲོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
རྩ་བའི་ཨ་རི་གཞུང་གིས་རྒྱ་ནག་གི་ཧུ་ཧ་ཝེ་ཁེ་ལས་ཁང་དེ་རྒྱབ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་བཤད་ནས། འཕྲུལ་ལས་ཁང་དེའི་ཅ་དངོས་ཨ་རིའི་ནང་ཚོང་སྒྱུར་ལ་དམ་དོན་བྱས་ཡོད་པ་མ་ཚད། མང་ཚོགས་ནས་ཀྱང་དེའི་ཅ་དངོས་ཞབས་ཞུ་རིགས་ལོངས་སུ་སྤྱད་རྒྱུར་དོ་གཟབ་དགོས་པའི་འབོད་སྐུལ་བྱས་ཡོད།
ཁྲིམས་ཀྱི་ཐག་གཅོད་དེ་དང་འབྲེལ་ཏེ་ཧུ་ཧ་ཝེ་འཕྲུལ་ལས་ཁང་གིས་བསྒྲགས་གཏམ་སྤེལ་བའི་ནང་དུ། ཐག་གཅོད་དེ་དག་ལ་ཁྲིམས་མཐུན་དང་བདེན་པའི་ཆ་མེད་པ་དང་། འབྱུང་འགྱུར་མུ་མཐུད་ཁེ་ལས་ཁང་དེའི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་དགོས་ངེས་ཁྲིམས་ཀྱི་བྱེད་ཕྱོགས་ཚང་མ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ནིའུ་ཡོག་གི་ཁྲིམས་ཁང་གིས་བཅད་ཁྲ་བཏང་བའི་རྗེས། ཨ་རི་གཞུང་གིས་ཁྲིམས་དོན་སྤྱི་ཁྱབ་ཀྲོཊ་བྷ་ལེན་ཅ་ (Todd Blanche)ཡིས། ཁྲིམས་ཀྱི་སྒང་ལ་གང་ཟག་དང་ཁེ་ལས་ཁང་སུ་ཡང་མེད། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཧུ་ཧ་ཝེ་ཡིས་ཨ་རི་ལ་མགོ་སྐོར་དང་། ཨ་རིའི་གསང་བའི་གནས་ཚུལ་བརྐུས་ཏེ་ཚོང་ལས་གཉེར་ཡོད་ཅེས་སྐྱོན་འཛུགས་བྱས་འདུག
ནག་ཉེས་ཀྱི་ཁ་མཆུ་དེ་ཕྱི་ལོ་ ༢༠༡༨ ལོར་ཨ་རི་གཞུང་གིས་ཧུ་ཧ་ཝེ་འཕྲུལ་ལས་ཁང་དེའི་ཅ་དངོས་ཨ་རིའི་ནང་ཚོང་སྒྱུར་ལ་དམ་བསྒྲགས་བྱེད་འགོ་བཙུགས་པའི་རྗེས་སུ་འགོ་ཚུགས་པ་དང་། ཁ་མཆུ་དེའི་ཉན་ཞིབ་ཆེད་དུ་དཔང་པོ་མི་སྣ་ ༦༠ ལྷག་འབོད་འགུག་བྱས་ཏེ་ཁྱོན་ཟླ་བ་གཉིས་ལྷག་འགོར་འདུག་ལ། ད་ལྟའི་ཆར་ཁེ་ལས་ཁང་དེར་ཉེས་ཆད་གང་འཁེལ་སྲིད་པའི་སྐོར་གསལ་ཁ་མི་འདུག
ད་ལྟ་ཧུ་ཧ་ཝེ་ཁེ་ལས་ཁང་གིས་རྒྱལ་ཁབ་མང་པོར་ཚོང་འབྲེལ་བྱེད་ཀྱི་ཡོད་པ་མ་ཚད། དེ་ཉིད་རྒྱ་ནག་གི་མི་བཟོས་རིག་ནུས་གོང་སྤེལ་གཏོང་མཁན་འཕྲུལ་ལས་ཁང་གཙོ་བོ་ཞིག་ཏུ་གྱུར་ཡོད་སྟབས། ཁྲིམས་ཀྱི་ཐག་གཅོད་དེས་ཧུ་ཧ་ཝེའི་ཚོང་ལས་ལ་ཁྱད་པར་ཆེན་པོ་བཟོ་གི་མེད་པ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་ནས་ཚོད་དཔག་བྱེད་ཀྱི་འདུག ཁེ་ལས་ཁང་དེ་ཉིད་ཀྱིས་ད་ལྟའི་ཆར་རྒྱལ་ཁབ་གྲངས་ ༡༧༠ ནང་དུ་ཚོང་ལས་གཉེར་བཞིན་འདུག་ལ། དེའི་འོག་ཏུ་ལས་བྱེད་མི་གྲངས་འབུམ་གཉིས་ལྷག་ཡོད་པ་རེད་འདུག
གཞི་རྩའི་དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་ཧུ་ཧ་ཝེ་གསར་འཛུགས་བྱེད་མཁན་གྱི་བུ་མོ་དང་ཁེ་ལས་ཁང་དེའི་སྤྱི་ཁྱབ་དཔལ་འབྱོར་འགན་འཛིན་མཱེང་ཝང་ཀྲུ་ (Meng Wanzhou)ཨ་རིའི་བཀོད་མངགས་འོག་ཁེ་ན་ཊ་རུ་འཛིན་བཟུང་བྱས་རྗེས་ཨ་རི་དང་། རྒྱ་ནག ཁེ་ན་ཊ་གསུམ་བར་ཕྱི་འབྲེལ་དཀའ་རྙོག་ཆེན་པོ་བྱུང་ཡོད་ལ། སྐབས་དེར་ཨ་རི་གཞུང་གིས་ཧུ་ཧ་ཝེའི་དཔལ་འབྱོར་འགན་འཛིན་མཱེང་གིས་ HSBC དངུལ་ཁང་ལ་ཧུ་ཧ་ཝེ་ཁེ་ལས་ཁང་གིས་ཨི་རན་ནང་དུ་ཚོང་ལས་གཉེར་གྱི་ཡོད་པའི་གནས་ཚུལ་སྦ་གསང་བྱས་ཡོད་པའི་ཉེས་འཛུགས་བྱས་ཏེ། མོ་ཨ་རིར་ཉེས་ཆད་ཁུར་རྒྱུར་འབོད་འགུག་བྱ་རྒྱུའི་འབད་རྩོལ་བྱས་ཡོད། འོན་ཀྱང་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་ལས་དོན་དེར་ལམ་ལྷོངས་མ་བྱུང་ནས། ལོ་གསུམ་རྗེས་མོ་རང་རྒྱ་ནག་ཏུ་ཕྱིར་ལོག་ཐུབ་པ་བྱུང་ཡོད་ལ། རྒྱ་ནག་ནང་དུ་མོ་ལ་རྒྱལ་གཅེས་པའི་ཕེབས་བསུ་བྱས་ཤིང་། རིམ་པས་མོ་ལ་བཙུགས་པའི་ཉེས་འཛུགས་རིགས་ཕྱིར་འཐེན་བྱས་ཡོད་པ་རེད། །




