གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བའི་བོད་མི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག

དེ་ཡང་བོད་ཀྱི་དུས་བབ་གསར་ཁང་གི་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་གཉིས་ལ་བཙོན་ཁང་དུ་སྨན་བཅོས་ཀྱི་ཐོག་ནས་ལྟ་རྟོག་མ་བྱས་པར་བརྟེན་སྒྲུབ་པ་སྐྱབས་ལགས་ཀྱི་དྲན་པ་ཉམས་པ་དང་། མིག་གིས་མི་མཐོང་བ། དེ་བཞིན་སྙིང་དང་མཁལ་མའི་ནད་གཞི་སོགས་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཚེ་རིང་སྒྲོལ་མ་ལགས་སུ་བཙོན་ཁང་དུ་མནར་གཅོད་དང་སྡུག་སྦྱོང་དྲག་པོ་བཏང་སྟེ། སྨན་བཅོས་མ་བྱས་སྟབས་ཁོ་མོའི་དྲན་པ་ཉམས་པ་དང་སྙིང་ནད་སོགས་ཀྱི་ན་ཚ་གཞན་ཡང་བྱུང་ཡོད་པ་འཁོད་འདུག

རྩ་བའི་གངས་སྐྱེས་སྒྲུབ་པ་ལགས་སམ་སྨྱུག་མིང་ལ་གངས་མེ་སྟག་ལགས་ནི། ས་བྱི་ཁྲག་བྲིས་དམར་པོ་དང་དེ་རིང་གི་མིག་ཆུ་ཞེས་པ་སོགས་ཀྱི་དཔེ་དེབ་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་དེ་སྔ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་གྱི་མཚན་མོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ༢༠༡༣ ལོར་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་དམར་ཆུང་ངོ་རྒོལ་ཚོགས་པའི་ཚོགས་མི་ཡིན་པ་དང་། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ལྔ་དང་ཕྱེད་ཀའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་གིས་གངས་སྐྱེས་སྒྲུབ་པ་སྐྱབས་ཀྱི་ནང་མིར་ཐུག་འཕྲད་ཐེངས་གཅིག་བྱེད་དུ་བཅུག་ཡོད་ཀྱང་། དེའི་རྗེས་ནས་ད་ལྟའང་ཁོང་གི་ནང་མིས་རེ་འདུན་ག་ཚོད་བཏོན་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པའི་ཁར།  ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༣ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་བྱས་རྗེས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གཞན་ཡང་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༩༧ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བར་འཁྲུངས་ཤིང་། ཕ་མིང་ལ་བསོ་ལོ་དང་མ་མིང་ལ་མཚོ་སྐྱིད་ལགས་ཡིན་པ་དང་། ཁོང་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་བར་བྱིས་པ་བུ་གཉིས་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ཟླ་ ༤ བའི་ཚེས་ ༢ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཤིང་། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་གསེར་རྟ་ནས་ཞི་རྒོལ་གནང་སྐབས། ཕ་བསོ་ལོ་དང་མཉམ་དུ་འཛིན་བཟུང་བྱས་པར་མ་ཟད། ཕྱིས་སུ་ཡང་འཛིན་བཟུང་ཐེངས་ཁ་ཤས་བྱས་འདུག ཁོང་འཛིན་ཐེངས་རེ་རེར་རྒྱ་གཞུང་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པས། ཟླ་བ་མང་པོར་བཀག་ཉར་ཁང་དང་བཙོན་ཁང་དུ་གཅར་རྡུང་བཙོན་འཇུག་བྱས་ནས་གློད་བཀྲོལ་བཏང་ཡང་། བཙོན་ཁང་དུ་གཅར་རྡུང་དྲག་པོ་བཏང་རྐྱེན་རྐང་པའི་དཔྱི་མགོ་བཅག་པ་དང་། གནམ་གཤིས་ལ་འགྱུར་ལྡོག་བྱུང་སྐབས་རྐང་པར་ན་ཟུག་ཆེ་བ་དང་གྲིབ་སྐྱོན་བྱུང་བ། དྲན་པ་མི་གསལ་བ། སྙིང་ཁམས་མི་བདེ་བ་སོགས་ལུས་སེམས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད་འདུག

དེ་བཞིན་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བའི་ནང་། རྒྱ་གཞུང་གིས་བཙོན་པ་ཚོར་དུས་ཐོག་སྨན་བཅོས་བྱ་དགོས་པའི་སྒྲིག་ཁྲིམས་ལ་རྩིས་མེད་བཏང་རྐྱེན། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་ཚེ་རིང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་གྱུར་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ཆེད་དུ་སྨན་བཅོས་ཀྱི་མཐུན་རྐྱེན་དང་ལྟ་རྟོག་བྱེད་ཀྱི་མེད་པ། ཕྱི་ལོ་ ༢༠༢༤ ལོར་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གསེར་རྟ་རྫོང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པར་ཤེས་རྟོགས་བྱུང་བ་དང་ཚེ་རིང་སྒྲོལ་མ་ལགས་གསེར་རྟ་རྫོང་ཁོངས་སུ་ཡོད་པའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ་བཅུག་འདུག་ཟེར་བ་ཙམ་ལས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཞུ་གཏུག་གི་ཁོངས་སུ་ཡོད་པའི་བཙོན་པ་རྣམས་ཀྱི་བཙོན་ཁང་བརྗེ་བཞིན་ཡོད་སྟབས། ད་ལྟ་ཁོང་གཉིས་དོན་དངོས་སུ་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།