མགོ་ལོག་ཁུལ་གྱི་རང་བྱུང་ཁོར་ཡུག་དོ་དམ་ལས་ཁུངས་ཀྱིས་ཕྱི་ཟླ་ ༥ ཚེས ༩ ཉིན་དོན་ཚན་དྲུག་ཅན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ནས་གནས་རི་གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་རྒྱུར་དམ་དྲག་གིས་སྒོ་བརྒྱབ་ཡོད་པ་དང་། གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

འདི་ག་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་བཤད་པ་ལྟར་ན། ཕྱི་ཟླ་ ༥ པའི་ཟླ་མཇུག་ནས་བཟུང་གནས་རི་གཉན་པོ་གཡུ་རྩེའི་ཁོངས་སུ་གཏོགས་པའི་ས་གནས་ཚོ་ཁག་དྲུག་གིས་སྔ་གཞུག་སྙན་ཞུ་ཐེངས་གསུམ་འབྲེལ་ཡོད་གཞུང་ལ་ཕུལ་ཡོད་ནའང་གཞུང་ངོས་ནས་ཁ་གསལ་ཆོག་མཆན་ཐོབ་མི་འདུག
གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན། མི་མང་ཚོས་ད་ལོ་གཅིག་པུར་གཞུང་ལ་སྙན་ཞུ་བརྒྱབ་པ་དེ་འདྲ་མིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་ལག་བསྟར་བྱས་པ་ནས་གནས་རི་གཉན་པོ་གཡུ་རྩེ་སྒོ་བརྒྱབ་རྗེས་གནས་མཇལ་བ་དང་། ཡུལ་སྐོར་བ་སོགས་ཡོང་མཚམས་ཆད་ཡོད་པ་རེད་འདུག ས་གནས་མི་ཚོགས་ཀྱི་འཚོ་བའི་ཡོང་འབབ་ལ་དཀའ་ངལ་འཕྲད་ཡོད་པ་མ་ཟད། བོད་ཟླ་དྲུག་པའི་ནང་དུ་གཡུ་རྩེ་རུ་བསང་གསོལ་བཏང་མི་ཆོག་པར་ལོ་མང་སོང་སྟབས་ལོ་རྟག་པར་སྙན་ཞུ་བརྒྱབ་ཡོད་འདུག་ལ། ད་ལོ་དམིགས་བསལ་རྟ་ལོར་བོད་པ་ཚོ་གནས་ཆེན་ཁག་ཏུ་སྐོར་བར་ཕེབས་པ་དང་། མཆོད་མཇལ་དུ་འགྲོ་བ། དེ་བཞིན་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་ཧ་ཅང་གལ་ཆེན་པོ་ཡིན་སྟབས་སྔ་གཞུག་སྙན་ཞུ་ཐེངས་གསུམ་བརྒྱབ་ཡོད་པ་རེད་འདུག
ས་གནས་མི་མང་ནས་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་བསམ་བཞིན་དུ་ས་གནས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་རྒྱུ་དམ་དྲག་བྱས་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་གནང་བཞིན་ཡོད་འདུག
གནས་རི་གཉན་པོ་གཡུ་རྩེ་དེ་ནི་བོད་མི་ཚོར་ཆ་མཚོན་ན་གནས་རྩ་ཆེན་ཞིག་དང་། ལྷག་པར་ས་ཚིགས་དེར་ཕྱི་ལོ་ ༡༩༩༢ ལོའི་ཟླ་བ ༧ པའི་ཚེས ༡༧ ཉིན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་དབུ་བཞུགས་ཐོག་ཡུལ་དེའི་ཚོ་ཁག་ཆེ་ཤོས་གཉིས་ཏེ། ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཕན་ཚུན་འཁོན་འཛིང་མཚམས་འཇོག་སླད་དམག་འཁྲུག་མཚམས་འཇོག་གི་གྲོས་ཆོད་བཞག་རྗེས་མཐུན་སྒྲིལ་ལབ་རྩེ་བཙུགས། དུས་དེ་ནས་བཟུང་ཤོག་ཁག་གཉིས་ཀས་གཉན་པོ་གཡུ་རྩེ་རུ་བོད་ཟླ་དྲུག་པའི་ནང་དར་ལྕོག་བཙུགས་པ་དང་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོའི་རྒྱུན་ཆད་མྱོང་མེད་པ་རེད།
གནས་རི་གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བརྡ་ཁྱབ་འདིས་ས་གནས་བོད་པ་ཚོའི་སེམས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་པ་དང་། འཚོ་བའི་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མངོན་གསལ་རེད་འདུག




