རྒྱ་ནག་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་ཟིན་ཡོད་ནའང་། བོད་ནང་གི་བོད་མི་ཁག་གཅིག་ནས་ད་དུང་རྣམ་པ་འདྲ་མིན་ཐོག་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱང་བརྩོན་གནང་བཞིན་པ་རེད་འདུག

དེ་ཡང་དེ་རིང་ཕྱི་ཚེས་ ༥ ཉིན་ Associated Press (AP) རྒྱལ་སྤྱིའི་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཉེ་ལམ་རྒྱ་གཞུང་གི་གོ་སྒྲིག་འོག་ AP ལས་བྱེད་ཚུད་པའི་རྒྱལ་སྤྱིའི་གསར་འགོད་པ་ཁག་གཅིག་བོད་དུ་ལྟ་སྐོར་སླད་ཁྲིད་ཡོད་པ་དེ་ལྟར་ཡང་། གསར་འགོད་པར་རང་དབང་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་བཅུག་མེད་པ་མ་ཟད། ཁོང་རྣམས་དང་ལྷན་དུ་རྒྱ་གཞུང་གི་ལས་བྱེད་དུས་དང་རྣམ་པ་དང་ཀུན་དུ་མཉམ་བཅར་གྱིས། གཏན་འབེབས་ས་ཚིགས་ལས་གཞན་དུ་བསྐྱོད་པར་དམ་དྲག་བྱས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གང་ལྟར་བོད་ནང་བསྐྱོད་པའི་བརྒྱུད་རིམ་ཁྲོད། དེ་གའི་གསར་འགོད་པར་དོ་སྣང་དམིགས་བསལ་ཞིག་བྱུང་བ་དེ་ནི། རྒྱ་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལག་བསྟར་གྱིས་དམ་དྲག་ཤུགས་ཆེ་ཡོད་པ་ལ་ལྟོས་མེད། གཞིས་ལུས་བོད་མི་རྒན་གཞོན་བར་གསུམ་ནས་ད་དུང་བོད་ཡིག་སྦྱང་བརྩོན་དང་བོད་སྐད་བཀོལ་སྤྱོད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག
གསར་འགོད་པ་ཚོ་ཁག་ལྷ་ས་ཁུལ་དུ་བསྐྱོད་སྐབས་ཁུལ་དེར་གནས་སྡོད་བྱེད་མཁན་སྨན་ཞབས་པ་རྒས་ཡོལ་ཟིན་པ་སྐལ་བཟང་ལྷ་མོ་ལགས་ཀྱིས་ཨེ་པི་གསར་འགོད་པར། བོད་མིའི་མ་ཡིག་བོད་ཡིག་ཡིན་པ་དང་། ཁོང་བོད་སྐད་ཡག་པོ་རྒྱག་ཤེས་ཀྱི་ཡོད་ཀྱང་། དེ་སྔ་ཆུང་དུས་སྐབས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བྱུང་མེད་སྟབས་བོད་ཡིག་དེ་ཙམ་བྲིས་ཤེས་ཀྱི་མེད་པར། ད་ཆ་བོད་ཡིག་འབྲི་རྒྱུར་སྦྱང་བརྩོན་གནང་བཞིན་ཡོད་པ་གསུངས་འདུག་ལ། གཞན་ཡང་དེ་གའི་གསར་འགོད་པར་ལྷ་སའི་ཇོ་ཁང་དུ་གནས་མཇལ་ལ་ཕེབས་མཁན་བོད་མི་གཞོན་སྐྱེས་རང་ལོ་ ༡༩ སོན་པ་དགེ་རྒན་ཆགས་འདོད་ཡོད་པའི་བུད་མེད་གཅིག་གིས། ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བསམ་གྱི་ཡོད་སྐོར་དང་། བོད་མི་ཚང་མས་རང་མི་རིགས་ཀྱི་རིག་གཞུང་མི་རབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་རེ་བ་གནང་གི་ཡོད་ཀྱང་། སློབ་གྲྭའི་ནང་སློབ་ཕྲུག་ཕལ་ཆེ་བ་རང་སོ་སོའི་ཡུལ་སྐད་བཤད་ཀྱི་ཡོད་སྟབས། ཕན་ཚུན་འབྲེལ་ལམ་རྒྱ་སྐད་ཐོག་བྱེད་ཀྱི་ཡོད་པ་བརྗོད་འདུག

དེ་བཞིན་ཨེ་པི་གསར་འགོད་པར་དམིགས་བསལ་གྱི་དོ་སྣང་བྱུང་བའི་གནད་དོན་གཞན་ཞིག་ནི། ནང་པ་སངས་རྒྱས་པའི་རྗེས་འབྲངས་པ་ཚོར་མཚོན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཀྱི་དབུ་ཁྲིད་གཙོ་བོ་གཅིག་ཡིན་པ་དེ་ལྟར་ཡང་། ལྷ་སའི་ཇོ་ཁང་དུ་༸གོང་ས་མཆོག་གི་སྐུ་པར་མཚོན་པའི་རྟགས་མཚན་རིགས་གཅིག་ཀྱང་མཇལ་རྒྱུ་མི་འདུག་ཅེས་རྒྱ་གཞུང་གི་དམ་དྲག་ཇི་ཙམ་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་འདུག་པ་དང་། ཕྱོགས་མཚུངས་ལོ་རྒྱུས་རང་བཞིན་པའི་ལྡན་པའི་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དེ་ནི་དོན་དངོས་ཐོག་༸གོང་ས་༸སྐུ་ཕྲེང་རིམ་བྱོན་གྱི་དགུན་དུས་བཞུགས་གནས་ཡིན་ཀྱང་། ད་ལྟའི་ཆར་ཕོ་བྲང་པོ་ཏཱ་ལར་ཡུལ་སྐོར་སྤྲོ་འཆམ་པ་དང་ནང་པའི་དད་ལྡན་པ་སྟོང་ཕྲག་བརྒལ་བ་ཉིན་ལྟར་ལྟ་སྐོར་ལ་ཡོང་གི་ཡོད་རུང་། ཁུལ་དེར་དེ་མཚུངས་ཀྱི་༸གོང་ས་མཆོག་དང་འབྲེལ་བའི་སྐུ་པར་དང་གསལ་བཤད་རིགས་གང་ཡང་མཐོང་རྒྱུ་མེད་པར་ད་དུང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་བཅས་བོད་མིར་སོ་སོའི་ཆོས་དང་རིག་གཞུང་གི་གནད་འགག་སོགས་ཀྱི་ཐད་དོ་དམ་སྟངས་འཛིན་ཇི་ཙམ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག
གཞན་ཡང་བོད་ནང་དུ་ལྟ་སྐོར་ཁྲོད་ཨེ་པི་གསར་འགོད་པས་བོད་པའི་སྲོལ་རྒྱུན་གྱི་གསོ་རིག་སྨན་ཁང་དང་། བཟོ་རིག་སྒྱུ་རྩལ་ལྟེ་གནས། ཐག་ལས་བཟོ་གྲྭ། ཟློས་གར་བསྟི་གནས་སོགས་ལ་བསྐྱོད་སྐབས། ཁུལ་དེ་དག་གི་བོད་མི་ལས་བྱེད་དང་འཁྲབ་སྟོན་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཉར་ཚགས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་གསལ་འདོན་གནང་འདུག་ལ། གསར་འགོད་པ་རྣམས་བོད་ཀྱི་འགྲེམས་སྟོན་ཁང་དུ་འབྱོར་སྐབས། འགྲེམས་སྟོན་ནང་བོད་དང་རྒྱ་ནག་བར་གྱི་འབྲེལ་བ་གསལ་སྟོན་བྱས་པའི་ལོ་རྒྱུས་ཀྱི་འགྲེམས་སྟོན་ཙམ་ལས་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་ལྡན་འགྲེམས་སྟོན་རིགས་རྩ་བ་ནས་མེད་པ་སོགས་ཐེར་འདོན་གནང་འདུག ལྷག་པར་དུ་གནམ་ཐང་ཁུལ་དང་གཞུང་ལམ་སོགས་ཀྱི་ཟུར་དུ་སྦྱར་པང་ཆེན་པོའི་སྟེང་ཉེ་ལམ་རྒྱ་གཞུང་གི་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་བརྩི་སྲུང་དགོས་པ་དང་དེའི་ནང་དོན་དེ་དག་ཉམས་སུ་བླངས་དགོས་པའི་བརྡ་ལན་བཀོད་ཡོད་པ་མ་ཟད། བོད་ལ་ཤི་ཙང་ཞེས་བྲེས་ཏེ་ཐ་སྙད་མིང་བསྒྱུར་བྱས་ཡོད་པ་སོགས་བོད་ལ་དམ་དྲག་ཧ་ཅང་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག

དེ་འབྲེལ་བོད་དང་དེང་རབས་རྒྱ་ནག་སྐོར་གྱི་ལོ་རྒྱུས་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ Benno Weiner ལགས་ཀྱིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་བརྒྱུད་སྲིད་བྱུས་ཀྱི་འགྱུར་བ་དེའི་ཤུགས་རྐྱེན་མང་དག་ཅིག་ལོ་མང་རིང་མངོན་གསལ་དོད་པོ་ཡིན་ལ་། ལྷག་པར་དུ་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་མེད་པ་བཟོས་པ་དེ་རེད་ཅེས་འགྲེལ་བརྗོད་ཀྱིས། ཁོང་གི་བསམ་ཚུལ་ལ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་སྤྱི་ཡོངས་ཀྱི་གནས་སྟངས་ལ་བསྒྱུར་བ་གཏོང་གི་མེད་ཀྱང་། དེས་ད་ལྟ་ཡོད་བཞིན་པའི་དམ་དྲག་དེ་དག་ཁྲིམས་སུ་འགོད་པ་དང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པ་འདྲ་འདུག་ཅེས་གསུངས་འདུག
རྩ་བའི་ཉེ་ལམ་རྒྱ་ནག་གཞུང་གི་གོ་སྒྲིག་འོག རྒྱལ་སྤྱིའི་གསར་འགོད་པ་ཁག་གཅིག་བོད་དུ་ཁྲིད་པའི་སྐབས་སུ་ AP གསར་ཁང་གི་པར་པ་ Ng Han Guan གྱིས་བརྒྱབ་པའི་པར་རིས་ཁག་གཅིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་པར་རིས་དེ་ཚོའི་ཐོག་ནས་བོད་ཐོག་རྒྱ་མིའི་དབང་སྒྱུར་དང་། རྒྱ་ནག་གི་ཆོས་དད་རང་དབང་གི་འཁྲབ་སྟོན་དེ་དག་མངོན་ཐུབ་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་རྒྱལ་ཁབ་འཛིན་སྐྱོང་བྱེད་བཞིན་པ་དེར་གདེང་ཚོད་མེད་པ་མཚོན་ཐུབ་ཀྱི་ཡོད་པ་གསུངས་ཡོད་པ་རེད།

དེའི་བར་ན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Global Times ཐོག་ཁ་སང་ཕྱི་ཚེས་ ༤ ཉིན་ཡུལ་དེའི་སློབ་དཔོན་ཆེན་མོ་ཞིག་གིས་རང་གི་དཔྱད་གཏམ་ཞིག་འདོན་སྤེལ་བརྒྱུད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིོག་དེས་འགྲོ་བ་མིའི་ཐོབ་ཐང་འཛིན་སྐྱོང་ཐད་ལ་སྐུལ་འདེད་གཏོང་གི་ཡོད་ལུགས་དང་། རྒྱ་ནག་ལྟ་བུ་མི་རིགས་འདྲ་མིན་ ༥༦ ཡོད་པའི་རྒྱལ་ཁབ་ཅིག་ལ་སྤྱི་ཚོགས་གཅིག་གི་འདུ་ཤེས་བསྐྲུན་རྒྱུར་ཁྲིམས་ཡིག་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། དེ་ནི་འཛམ་གླིང་འདིའི་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོད་ལུགས་བཤད་འདུག
མ་ཟད་སློབ་དཔོན་ཆེན་མོ་དེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་དང་ཆབ་སྲིད་མི་སྣ་འགའ་ཞིག་གིས་ཁྲིམས་གསར་དེས་མི་རིགས་མཉམ་བསྲེས་དང་འཐབ་ཇུས་ལྡན་པའི་བཙན་གནོན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། དེ་དག་ཁོངས་ནས་ཁག་གཅིག་ནི་རྒྱ་ནག་དེ་བཞིན་འཐབ་ཇུས་ཀྱི་ཆ་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་པར་ཡུལ་དེའི་ཞི་བདེ་བརྟན་ལྷིང་དཀྲུག་ཆེད་དུ་བྱེད་ཀྱི་ཡོད་པ་དང་། གཞན་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ་རང་དོན་བསྒྲུབ་ཆེད་དུ་བྱེད་ཀྱི་ཡོད་པ། དེ་བཞིན་ལ་ལ་ནི་སྲོལ་རྒྱུན་གྱི་ལྟ་བ་མཁྲེགས་པོའི་རྒྱལ་ཁབ་རིང་ལུགས་ལ་ལྟ་སྟངས་ཤིག་གི་ཐོག་ནས་གོ་རྟོགས་ལེགས་པོ་མེད་པའི་རྐྱེན་གྱིས་ཡིན་པ་བཅས་དོན་ཚན་གསུམ་གྱི་ཐོག་ནས་འཁྱོག་བཤད་དེ་དག་ཡོང་གི་ཡོད་པ་བཤད་འདུག




