ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་ཁམས་སྡེ་དགེ་ཁུལ་གྱི་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཕྱིར་འཐེན་ཡོང་སླད་རྒྱ་ནག་གཞུང་ལ་ཞུ་འབོད་ལས་གཞི་སྤེལ་མཁན་ཁོངས་སུ་ཡོད་པ་ཡེ་ན་དགོན་པའི་དགོན་དཔོན་མགོན་པོ་ཚེ་རིང་ལགས་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་ད་ཆ་ལོ་ ༢ ཕྱིན་པའི་མཚམས་དེར། བཀག་ཉར་ཁྲོད་མནར་གཅོད་ཚད་མེད་རྐྱེན་གྱིས་དགོན་དཔོན་ཁོང་ད་ལྟའང་ཁྲན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ནང་མུ་མཐུད་ལུས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་གའི་དྲྭ་གནས་ཐོག་གནས་ཚུལ་དེ་ཁ་གསལ་བཀོད་པ་དང་ཆབས་ཅིག མགོན་པོ་ཚེ་རིང་ལགས་ཀྱི་གནད་དོན་དེས་རྒྱ་གཞུང་གིས་བོད་མི་རྣམས་ལ་བཀག་ཉར་ཁང་ནང་མནར་གཅོད་དང་གདུག་རྩུབ་ཇི་ལྟར་བྱེད་མིན་མཚོན་གྱི་ཡོད་པ་གསལ་སྟོན་དང་། ཚོགས་པས་ཉེ་ལམ་ཆེད་འདོན་གནང་བའི་ Justice Denied: The Patterns of Deaths In and After Custody in Tibet ཞེས་པའི་སྙན་ཐོའི་ནང་གསལ། རྒྱ་ནག་གིས་བོད་ནང་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་དང་། སྨན་བཅོས་བཀག་འགོག དེ་བཞིན་དེ་ལྟ་བུའི་བྱ་སྤྱོད་ལ་འགན་ཁུར་ལན་འདེབས་མེད་པ་བཅས་ནི་བཀག་ཉར་ལམ་ལུགས་ཀྱི་རྒྱུན་ལྡན་ཁྱད་ཆོས་གཅིག་ཏུ་གྱུར་ཡོད་ཅིང་། བཀག་ཉར་བྱས་པའི་མི་རྣམས་ལུས་པོ་ཤིན་ཏུ་ཞན་པོར་གྱུར་རྗེས་གཞི་ནས་གློད་བཀྲོལ་གཏོང་གི་ཡོད་པ་མངོན་གསལ་གནང་འདུག
རྩ་བའི་ལོ་ན་ ༤༦ ལ་སོན་པའི་མགོན་པོ་ཚེ་རིང་ལགས་ནི། ཟི་ཁྲོན་ཞིང་ཆེན་དུ་ཆ་འགོད་བྱས་པའི་ཁམས་སྡེ་དགེ་རྫོང་གི་ཡེ་ན་དགོན་པའི་དོ་དམ་པ་ཞིག་ཡིན་ཞིང་། ཁོང་ནི་ ༢༠༢༤ ལོའི་ཟླ་ ༢ པར་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ཁུལ་དེར་སླེབས་པའི་རྒྱ་ནག་དཔོན་རིགས་རྣམས་ལ་ཆུ་མཛོད་ཀྱི་ལས་གཞི་འདིས་ས་གནས་མང་ཚོགས་ཀྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིག་གཞུང་གི་ལོ་རྒྱུས་ལྡན་པའི་དགོན་སྡེ་ཁག་རྩ་གཏོར་འགྲོ་རྒྱུ་སོགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ངུ་འབོད་དང་སྦྲགས་ནས་ལས་གཞི་དེ་མཚམས་འཇོག་དང་ཕྱིར་འཐེན་བྱེད་དགོས་པའི་ཞི་བའི་ལས་འགུལ་དེ་ཉིད་སྣེ་ཁྲིད་བྱེད་མཁན་ཡིན་པར་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་དང་། འཛིན་བཟུང་རྗེས་རྒྱ་ནག་དབང་འཛིན་པ་ཚོས་མནར་གཅོད་ཚད་མེད་བཏང་རྐྱེན་ད་ཆ་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་འོག་ཁྲན་ཏུའུ་སྨན་ཁང་ཞིག་ཏུ་བསྐྱལ་དགོས་བྱུང་ཡོད་པ་རེད་འདུག
མིང་གསལ་མ་བྱས་པའི་གནས་ཚུལ་ཡོང་ཁུངས་ཞིག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ད་ལྟའི་ཆར་མགོན་པོ་ཚེ་རིང་ལགས་ཉལ་ཁྲི་ནས་ལངས་མི་ཐུབ་པ་གྱུར་ཡོད་པ་མ་ཟད། སྐད་ཆ་བཤད་མི་ཐུབ་པ་དང་མཐའ་ན་ཞལ་ལག་ཡང་སྦུག་ལམ་ནས་སྟེར་དགོས་ཀྱི་ཡོད་པ། དེ་བཞིན་རང་ཉིད་ཀྱི་ནང་མི་རྣམས་ངོ་ཤེས་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་འགྲེལ་བརྗོད་གནང་འདུག
མགོན་པོ་ཚེ་རིང་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་ཚབས་ཆེ་ཡང་། རྒྱ་ནག་གཞུང་གིས་སྨན་བཅོས་ཀྱི་འགྲོ་གྲོན་ཐད་རོགས་རམ་གང་ཡང་མ་བྱས་པར། སྨན་ཁང་ནང་ལྟ་སྐྱོང་བྱེད་མཁན་དང་མགྲོན་པོ་ཚང་མར་ལྟ་ཞིབ་དང་དམ་དྲག་ཆེན་པོ་བྱས་ཏེ། པར་དང་བརྙན་ཐུང་ལེན་པའམ་བརྒྱུད་ལམ་ཁག་ནང་སྤེལ་བར་ཡང་བཀག་འགོག་བྱེད་བཞིན་ཡོད་པ་རེད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། མགོན་པོ་ཚེ་རིང་ལགས་ཀྱིས་གནད་དོན་འདི་ཁེར་རྐྱང་གི་དོན་རྐྱེན་ཞིག་མིན་པ་དང་། དེ་ནི་རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་བོད་མི་རྣམས་ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་དང་། མནར་གཅོད། བཙན་དབང་གིས་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ལམ་ལུགས་ཙམ་མ་ཟད། དེ་འབྲེལ་བྱ་སྤྱོད་སྤེལ་མཁན་དབང་འཛིན་པ་རྣམས་ལ་ཉེས་ཆད་སོགས་རྩ་བ་ནས་མེད་པའི་རྒྱ་ཆེའི་རྣམ་པ་ཞིག་མཚོན་གྱི་ཡོད་སྐོར་གསུངས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་འབྲེལ་གནད་དོན་ལ་མཉམ་འབྲེལ་གྱི་ལན་འདེབས་ཤིག་དགོས་པའི་ཞུ་སྐུལ་གནང་འདུག
མ་ཟད་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚབ་ཞུས་ཏེ་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་སེམས་ཁྲལ་གྱི་རྣམ་འགྱུར་ཁོ་ན་ཙམ་བཏོན་རྒྱུ་ལས་བརྒལ་ནས་རྒྱ་ནག་ལ་རང་གི་གཞི་རྩའི་ཐོབ་ཐང་སྤྱད་པའི་རྐྱེན་གྱིས་བཀག་ཉར་བྱས་པའི་བོད་མི་ཚང་མ་གློད་བཀྲོལ་གཏོང་དགོས་པ་དང་། བཙན་དབང་གིས་གར་སོང་ཆ་མེད་བཏང་བ་ཚོའི་གནས་སྟངས་གསལ་བཤད་དགོས་པ། མནར་གཅོད་ཀྱི་བྱ་སྤྱོད་ཁག་ལ་ཞིབ་འཇུག་བྱེད་དགོས་པ། དེ་བཞིན་རང་དབང་ཅན་གྱི་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ལ་བོད་ནང་དོན་སྙིང་ལྡན་པའི་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པའི་སྐུལ་མ་གཏོང་དགོས་པའི་ཞུ་འབོད་གནང་འདུག
སྤྱིར་དེ་སྔ་འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུ་སྐབས། མགོན་པོ་ཚེ་རིང་ལགས་སྨན་ཁང་ནང་ལྷག་རྒྱུའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་དབང་འཛིན་པ་ཚོས་རྡུང་རྡེག་བཏང་རྐྱེན་ཡིན་པ་དང་། རྒྱ་གཞུང་གིས་ད་ཐེངས་ཁོ་ན་མིན་པར་དེ་སྔོན་ཡང་བཙོན་མཇུག་ཁྲིམས་ཐག་བཅད་ནས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་དང་གཏོང་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད།
གཞི་རྩའི་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་དཀྱིལ་དུ། ཡེ་ན་དགོན་པའི་དགོན་བདག་འཇམ་དབྱངས་ལེགས་བཤད་ལགས་སུ་མང་ཚོགས་སྐོང་འཚོགས་བརྒྱུད་སྤྱི་ཚོགས་ཀྱི་རྟེན་ལྷིང་གཏོར་བརླག་བཏང་བའི་ཉེས་མིང་འོག་ཡ་ཨན་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་བཞིན་མགོན་པོ་ཚེ་རིང་ལའང་ཉེས་མིང་དེ་གའི་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཀྱང་། ཁོང་ལ་ཉེན་རྟོག་པས་རྡུང་རྡེག་ཚབས་ཆེན་བཏང་བའི་རྨས་སྐྱོན་འོག་ཛ་དྲག་གི་སྨན་བཅོས་བྱེད་དགོས་བྱུང་ཡོད། མགོན་པོ་ཚེ་རིང་ལགས་ཀྱི་ཨ་ཕ་བློ་བཟང་རྡོ་རྗེ་ལྟ་བུ་མཚོན་ན་བུ་འཛིན་བཟུང་རྐྱེན་པས་ནད་གཞི་ཚབས་ཆེན་ཕོག་པར་སེམས་སྡུག་ཆེན་པོས་ ༢༠༢༥ ལོའི་ཟླ་ ༩ པའི་ཚེས་ ༢༡ ཉིན་འདས་གྲོངས་སུ་གྱུར་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་ཐེངས་འདིའི་གནས་ཚུལ་ནང་གསལ་ལྟར་ན། སྐམ་ཐོག་ཆུ་མཛོད་གསར་རྒྱག་དང་བཙན་དབང་གིས་གནས་སྤོ་བྱ་རྒྱུའི་ལས་གཞི་གནས་སྐབས་མཚམས་འཇོག་བྱས་ཡོད་ཀྱང་། རྒྱ་ནག་གི་དབང་འཛིན་པ་ཚོས་ས་གནས་ཀྱི་དགོན་སྡེ་ཁག་ལ་འཇིགས་སྐུལ་དང་ཆབ་སྲིད་ཀྱི་དགོས་འདུན་སོགས་བཏོན་བཞིན་པ་མ་ཟད། ཡེ་ན་དང་ཝོན་ཏོ་དགོན་པ་གཉིས་ཀྱི་དགེ་འདུན་པ་རྣམས་ལ་རྒྱུན་དུ་སྲིད་གཞུང་གི་འཛུགས་སྐྲུན་ལས་གཞིར་བར་ཆད་མི་གཏོང་བ་དང་། གཞུང་གི་བཀའ་རྒྱ་ནན་པོས་བརྩི་སྲུང་བྱ་རྒྱུར་ཁས་ལེན་པའི་ཡི་གེར་མིང་རྟགས་འགོད་དུ་འཇུག་བཞིན་ཡོད་པ་རེད་འདུག




