གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།

Tibetan News Headlines

  • Newly Formed Search Committee for Ngari Rinpoche’s Reincarnation Seeks Audience and Guidance from Dalai Lama
  • TYC Black Hat March Reaches Bilaspur, Engages Locals on China’s Atrocities in Tibet
  • China’s Tibet Policies Threaten Indian Water, Monsoons, and Spiritual Legacy : Opinion
  • China Begins Construction of World’s Highest Trough-Style Solar Thermal Plant Near Lhasa
  • Chinese Democracy Supporters Unveil Sculpture of Missing Human Rights Lawyer Gao Zhisheng in California
  • China Executes French National Convicted of Drug Trafficking; France Condemns Lack of Defense Access

ཪེས་གཟའ་མིག་དམར། ༢༠༢༦།༠༤།༠༧

  • ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་པ།
  • ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དུ་འབྱོར་འདུག
  • མ་འོངས་རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ཆུ་དང་ནང་བསྟན་གཉིས་ནི་གལ་ཆེན་པོ་ཡིན་པ་གསུངས་འདུག
  • ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་རྫོང་ནང་ཉི་གློག་བཟོ་སྐྲུན་གྱི་ལས་གཞི་འགོ་འཛུགས་བྱས་འདུག
  • Gao Zhisheng གྱི་འབུར་བཟོ་དབུ་འབྱེད་དང་འབྲེལ་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ།
  • ཧྥ་རན་སི་གཞུང་གིས་རྒྱ་གཞུང་ནས་ཧྥ་རན་སིའི་མི་སེར་ཞིག་སྲོག་ཐོག་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག

དཔལ་གཤེན་བསྟན་སྨན་རི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས་དང་འབྲེལ། རང་གི་ལྟ་བ་ལ་མ་ཆགས་པ་དང་གཞན་གྱི་ལྟ་བ་ལ་མི་སྡང་བའི་ཐོག་ནས་ཕན་ཚུན་བགྲོ་གླེང་རིགས་བྱས་ཚེ། ཀུན་ལ་དག་སྣང་སྦྱོང་ཐུབ་པ་ཡོང་གི་རེད་ཅེས་དྲན་སྐུལ་གནང་སོང་།

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་དོ་ལན་ཇིར་རྟེན་གཞིས་བྱས་པའི་དཔལ་གཤེན་བསྟན་སྨན་རི་གླིང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་དཔལ་གཤེས་བསྟན་སྨན་རི་གླིང་གི་མཐུན་འགྱུར་འོག ཁ་སང་སྟེ་ཟླ་བ་འདིའི་ཚེས ༥ ཉིན་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པ་འགོ་འཛུགས་གནང་འདུག བགྲོ་གླེང་འདི་བཞིན་ཚེས་ ༩ བར་ཉིན་གྲངས་ལྔའི་རིང་འཚོགས་བཞིན་ཡོད་ཅིང་། ད་རེས་གཞུང་ཆེན་རིས་མེད་བགྲོ་གླེང་གི་བརྗོད་གཞི་ནི་ཤེར་ཕྱིན་ཡིན་པ་རེད།

པར་དབང་། བོད་མིའི་སྒྲིག་འཛུགས།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་དགེ་ལེགས་ཉི་མ་ལགས་སོགས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ ༤༥ ནས་དགེ་འདུན་པ་དང་བཙུན་ཁྱོན་ ༨༥ མཉམ་ཞུགས་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། ད་བར་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༨ བསྐོང་ཚོགས་བརྒྱུད་ནས་ཆོས་བརྒྱུད་སོ་སོར་དག་སྣང་སྦྱོང་རྒྱུའི་ཐད་ཕན་ཐོགས་རླབས་ཆེན་བྱུང་སོང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་བ་དང་ཆབས་ཅིག གཞུང་ཆེན་ནང་གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱི་རང་ལུགས་བཞག་པ་དང་གཞན་ལུགས་དགག་པ། དེ་ལ་རྩོད་པ་སྤོང་བ་ཞེས་ལམ་ལུགས་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་སོ་སོའི་བརྒྱུད་ཀྱི་མ་རྟོག་པ་དང་ལོག་པར་རྟོག་པ། ཐེ་ཚོམ་སེལ་བའི་དོན་དུ་ཡིན་སྟབས། རྩོད་པ་དེ་གལ་ཆེན་པོ་ཡིན་ཡིན་པ་དེ་ལྟར་ཡང་ཀུན་སློང་ནི་རང་རྒྱལ་གཞན་ཕམ་མིན་པར་རང་གི་ལྟ་བ་ལ་མ་ཆགས་པ་དང་གཞན་གྱི་ལྟ་བ་ལ་མི་སྡང་བའི་ཐོག་ནས་ཕན་ཚུན་བགྲོ་གླེང་རིགས་བྱས་ཚེ། ཀུན་ལ་དག་སྣང་སྦྱོང་ཐུབ་པ་ཡོང་གི་རེད་ཅེས་དྲན་སྐུལ་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་དབང་རྣོན་རིག་པའི་རྗེས་འབྲངས་ཤིག་བྱ་དགོས་པའི་ལམ་སྟོན་ལྟར་གནང་དགོས་པ་དང་། དེ་སྔ་རང་རེ་སྤྱི་ཚོགས་ནང་ཆོས་ལུགས་ཐོག་ནས་ཆགས་སྡང་ཆེན་པོ་ཡོད་ཀྱང་། ད་ལྟའི་ཆར་མགོན་༸གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལས་བཙན་བྱོལ་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་བགྲོ་གླེང་གནང་རྒྱུའི་ཁོར་ཡུག་ཅིག་སྐྲུན་ཡོད་པ་སྐལ་བ་བཟང་པོ་ཡིན་པ་མ་ཟད། ཚང་མ་གཅིག་མཚུངས་ཤིག་ཡོང་རྒྱུ་ཁག་པོ་ཡིན་ཡང་། མཐུན་ཕྱོགས་ནས་འབད་བརྩོན་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དམིགས་བསལ་སྐུ་མགྲོན་མཆོག་གིས། གཞུང་ཆེན་རིས་མེད་བགྲོ་གླེང་སྐོར་དང་འབྲེལ་ནས། བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་དོན་ལྟར། བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་སློབ་རྒྱུད་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་མ་ཟད། བགྲོ་གླེང་སྐབས་སོ་སོར་བརྗོད་གཞིའི་ཐོག་མཁས་པའི་གསུང་བཤད་དང་བགྲོ་གླེང་ལྷུག་པོ་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཞབས་འདེགས་གྲུབ་རྒྱུར་དམིགས་པ་ཞིག་ཡིན་པ་ངོ་སྤྲོད་གནང་འདུག

ད་དུང་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་མི་རིགས་ཀྱི་མི་ལོ་སྟོང་ཕྲག་མང་པོའི་རིང་མི་རབས་ནས་མི་རབས་དར་སྤེལ་དང་རྒྱུན་འཛིན་སྲུང་སྐྱོབ་ཆེད། མེས་བོ་དམ་པ་རྣམས་ཀྱི་དུས་ཚོིད་དང་བསམ་བློའི་ནུས་པ། རྒྱལ་ཁབ་ཀྱི་སྲིད་བྱུས་དང་ལངས་ཕྱོགས། དཔལ་འབྱོར་གྱི་འགྲོ་གྲོན་བཅས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་དང་། འཛམ་གླིང་ནང་གི་རིག་གཞུང་རྙིང་པ་ཞིག་ཡིན་པ་ཙམ་དུ་མ་ཟད། དུས་ད་ལྟའང་ཉིན་རེའི་འཚོ་བའི་ནང་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་ཡིན་པ་ནན་བརྗོད་གནང་འདུག ལྷག་པར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། བོད་ཀྱི་གནོད་བཅུད་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ད་བར་དགོན་པ་ཁག་ ༦༠༠༠ ལྷག་གཏོར་བཅོམ་དང་། མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བོད་ཕྲུག་ས་ཡང་ ༡ ལྷག་བཙན་འཇུག་བྱེད་བཞིན་པ། ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ནང་ཆོས་ལགུས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁྱ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི་གནད་དོན་སོགས་ཐེར་འདོན་གནང་འདུག

མ་ཟད་༸རྒྱལ་བའི་བཀའ་དྲིན་ལས་རྒྱ་དམར་གཞུང་གིས་བོད་འདི་འཛམ་གླིང་ནས་ནག་སུབ་གཏོང་ཐུབ་མེད་པ་དང་། བཙན་བྱོལ་ནང་དུ་སྦག་ས་ཆོས་སྒར་ནས་དབུ་ཚུགས་ཏེ། རྒྱ་བལ་འབྲུག་གསུམ་ནང་བོད་ཀྱི་ཆོས་ལུགས་དང་ཆོས་སྡེ་རིས་སུ་མ་མཆིས་པའི་དགོན་སྡེ་ཁག་མཇལ་རྒྱུ་ཡོད་པ་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་དང་། མཁན་སློབ་རྣམ་པའི་ཐུགས་རྗེའི་བཀའ་དྲིན་ལས་ཡིན་པ་གསལ་སྟོན་གནང་སོང་།

རྩ་བའི་གཞུང་ཆེན་རིས་མེད་བགྲོ་གླེང་འདི་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༡ པའི་ཐོག་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་བར་མཐུན་འབྲེལ་དང་། གུས་བརྩི། ཆོས་སྡེ་ནང་ཁུལ་ངོ་སྤྲོད་ཡོང་རྒྱུ་སོགས་ཀྱི་བཀའ་སློབ་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་དགོན་སྡེ་ཆེ་ཁག་ ༥༠ ཡི་སྐུ་ཚབ་གདན་ཞུས་ཀྱིས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་བཞག་སྟེ། ཕྱི་ལོ་ ༢༠༡༥ ལོ་ནས་འགོ་འཛུགས་ཀྱིས་ཐོག་མ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕར་ཕྱིན་དང་། ༢༠༡༦ ལོར་དཔལ་སྤུངས་ཤེས་རབ་གླིང་དུ་དབུ་མ། ༢༠༡༨ ལོར་དཔལ་སྐྱ་མཐོ་སློབ་དུ་ཚད་མ། ༢༠༡༩ ལོར་དཔལ་གཤེན་བསྟན་སྨན་རི་གླིང་དུ་མཛོད། ༢༠༢༢ ལོར་རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཕར་ཕྱིན། ༢༠༢༣ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དབུ་མ། ༢༠༢༤ ལོར་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཚད་མ། ༢༠༢༥ ལོར་རྫོང་གསར་བཤད་སྒྲ་ཆོས་ཀྱི་བློ་གྲོས་སུ་མཛོད་བཅས་ཀྱི་བརྗོད་གཞི་རིམ་པའི་ཐོག་བགྲོ་གླེང་བསྐྱངས་ཡོད།

གཞི་རྩའི་ད་རེས་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དགུ་པའི་ཐོག་ཆོས་སྡེ་ཁག་གི་མཁན་སློབ་དགེ་བཤེས་གྲངས་ ༢༢ ནས་དཔྱད་རྩོམ་སྒྲོགས་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་རེད། གཞན་ཡང་ཁ་སང་དབུ་འབྱེད་མཛད་སྒོའི་སྐབས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཆོས་རིག་ལས་ཁུངས་ནས་པར་སྐྲུན་དང་འགྲེམས་སྤེལ་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆོས་ཚོགས་ཐེངས་དང་པོ་ནས་བཅོ་ལྔ་ཐོག་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་དཔེ་དེབ་དབུ་འབྱེད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།