Tibetan Royal Year of 2151 | Year of the Wood Dragon

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་བ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཉེ་ལམ་ཕྱི་ཟླ་ ༣ ཕྱི་ཚེས་ ༢༥ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་གཏན་འབེབས་གནང་བའི་རྗེས་ཉིན་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ལས་གནས་ནས་ཕྱིར་བཤོལ་གནང་སྟེ་ཟླ་བ་གཉིས་ཙམ་འགྲོ་བཞིན་པའི་མཚམས་འདིར་དེ་རིང་ཁྲིམས་ཞིབ་པ་རྣམ་པས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་བ་དང་སྦྲགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་སོང་།དེ་རེང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆེས་མཆོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམ་ནོར་བུ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་དང་བསྟན་འཛིན་ལུང་རྟོགས་མཆོག་བཅས་ལྷན་ཞུགས་ཐོག་དྲྭ་ལམ་བརྒྱུད་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ནས་ལས་ཁུར་རྒྱུན་སྐྱོང་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་སོང་བ་དང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དེ་སྔ་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཁྲིམས་ཞིབ་པ་ཐུན་མོང་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ལ་གསལ་བཤད་གནང་བར་ལས་འགན་བཤོལ་བ་ཡིན་ཞེས་པ་ནི། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧༩ པའི་གདོངས་དོན་འོག་གྱོད་ཡས་བདེ་སྙན་ཕུལ་བའམ། ཁྲིམས་ཞིབ་པ་རང་ཉིད་ཁ་མཆུ་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཚེ། ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཞག་པའི་ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ནང་གསལ་བ་ལྟར་འཕོ་འགྱུར་ལ་ངོས་ལེན་བྱས་པ་ཞིག་དང་། ལས་གནས་རྩ་དགོངས་ཞུས་པ་ཞིག་མིན་པ་མ་ཟད་བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ ༣ པ་དང་། དོན་ཚན་ ༧༣ ནང་གསེས་ ༣ པ་ནང་གསལ་ལྟར་ལས་ཁུར་རྒྱུན་འཛིན་མ་ཆོག་པར་བཤོལ་དགོས་པའི་གོ་དོན་ཡང་མིན་ཞེས་གསུངས་པ་དང་ཆབས་ཅིག སྐབས་དེར་ཁྲིམས་ཞིབ་པ་རྣམ་པས་བཅའ་ཁྲིམས་དོན་ཚན་ ༥ པས་མཚོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་དེ། གྲོས་ཆོད་དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ། ལྷན་སྐྱེས་དྲང་བདེན་ནམ Natural Justice ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པའི་ཆ་ནས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

ལྷག་པར་དུ་སྐབས་དེའི་གསལ་བཤད་ཁྲོད་སྤྱི་ཚོགས་ནང་ཟིང་ལོང་ མི་ཡོང་བའི་འགན་ཁུར་བཞེས་ཐུབ་པ་ཡིན་ན། འཕྲལ་རྐྱེན་གེགས་བར་འདི་རིགས་ལས་སྒྲོལ་བའི་ཐབས་ལམ་གང་མགྱོགས་རྙེད་ངེས་ཞེས་ཞུས་ཟིན་པ་ལྟར་ད་བར་ངང་སྒུག་ཞུས་ཡོད་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་བསྐོང་ཚོགས་གནང་རྒྱུ་དེའང་སྤྱི་འཐུས་རྩ་འབོར་གྱི་ཉུང་མཐའི་གྲངས་ཚད་མ་ལོངས་པར་བསྐོང་ཚོགས་གནང་ཐབས་བྲལ་ལུགས་ཀྱིས་གསལ་བསྒྲགས་བྱས་ཟིན་སྟབས། སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་ཀྱི་ཆ་རྐྱེན་མི་ལྡན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཉིད་ཕྱིར་འཐེན་བྱེད་རྒྱུ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་གསོ་ཞུ་རྒྱུའི་གོ་སྐབས་ཤོར་ཟིན་པར་འགྲེལ་བརྗོད་དང་སྦྲགས་ཏེ། གནས་སྟངས་འདི་དེ་མུར་སོང་ཚེ། སྐབས་གསར་པའི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་འགོ་འཛུགས་མ་ཐུབ་པར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ག་མེད་པ་ཆགས་ཉེ་མཚམས་སུ་སླེབས་ཡོད་སྟབས། སྐབས་ ༡༦ པའི་སྤྱི་འཐུས་ལས་ཐོག་གཙོས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ། བཀའ་ཁྲི་ཟུར་པ་དང་བཀའ་ཟུར། སྤྱི་ཟུར། གཞུང་ཞབས་ཟུར་པ། དེ་བཞིན་ཚོགས་སྒེར་མང་དག་ཅིག་གིས་སྤྱི་འཐུས་རྒྱུན་ལས་ལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་སྙན་ཞུའི་ངོ་བཤུས་འབོར་ཆེན་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབྱོར་བ་དང་། དེ་བཞིན་གནད་ཡོད་མི་སྣ་དང་། ཚོགས་སྡེ་ཁག མང་ཚོགས་སྟོང་ཕྲག་དུ་མས་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་དགོས་པའི་ཞུ་སྐུལ་འབྱོར་མུས་དང་། ལྷག་པར་དུ་གྲོས་ཆོད་ཨང་ ༣༩ དེ་འཇོག་སྐབས་ཀྱི་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་གཅིག་རྩ་དགོངས་ཞུས་ཟིན་པ་མ་ཟད། སྤྱི་འཐུས་ལས་ཐོག་གྲངས་ ༢༡ ནས་ཀྱང་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་པ་དེས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ལུགས་ཀྱི་གཞི་རྩ་བཤིག་ཟིན་སྟབས། ད་ཆ་ཁྲིམས་ཞིབ་པའི་ལས་འགན་ཕྱིར་བཤོལ་གྱི་རྐྱེན་རྩ་མེད་པ་ཆགས་པར་བརྟེན། གཞིས་ལུས་སྤུན་ཟླར་བློ་ཕམ་ཡི་ཆད་མི་འབྱུང་བ་དང་བོད་མིའི་སྒྲིག་འཛུགས་རྒྱུན་གནས། མང་གཙོའི་ལམ་ལུགས་སྲུང་སྐྱོབ། བཙན་བྱོལ་བོད་མིའི་ བཅའ་ཁྲིམས་བསྐྱར་གསོ། མང་གཙོའི་ཀ་བ་གསུམ་སྔར་བཞིན་སྲ་བརྟན། བཙན་བྱོལ་སྤྱི་ཚོགས་ནང་ཞི་ལྷིང་ཡོང་བ། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་བསུན་མི་འབྱུང་བ་བཅས་ཀྱི་ཆེད་དུ་ཁྲིམས་ཞིབ་པ་རྣམ་པ་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་ཐག་གཅོད་ཞུས་པ་ཡིན་ཞེས་གསུངས་སོང་།

དེ་བཞིན་ད་རེས་ཡོངས་ཁྱབ་གནང་བའི་ཁྲིམས་ཞིབ་པ་རྣམ་པའི་ལས་ཁུར་རྒྱུན་སྐྱོང་བྱ་རྒྱུའི་གསལ་བསྒྲགས་དེའི་ནང་དུ་དེ་སྔ་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ལ་གསལ་བཤད་གནང་སྐབས་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལ་གནོད་འགལ་བྱས་པར་ཁྲིམས་ཞིབ་ཁང་ནས་ཁྲིམས་མཐུན་བཟོ་དགོས་པའི་ལམ་སྟོན་བཀའ་ཁྱབ་རིམ་བསྟུད་བཏང་བར་བརྩི་མེད་གཏོང་རྐྱང་དང་། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་རྐྱང་། ཁྲིམས་འགལ་གྱི་སྐྱོན་མཚང་འགེབས་ཆེད་དུ་བཅའ་ཁྲིམས་ལ་འགྲེལ་ལོག་བྱེད་རྐྱང་བྱས་པའི་བྱ་སྤྱོད་རྣམས་དུས་ནམ་ཡང་དག་འབུད་བྱེད་ཐབས་མེད་ཅེས་གསལ་སྟོན་གནང་བ་དང་ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེ་ནི་ཁྲིམས་ལུགས་ཀྱི་གཞི་རྟེན་མེད་པ་དང་བྱ་རིམ་མེད་པར་ཁྲིམས་ལུགས་ལ་གོ་ལོག་དང་འགྲེལ་ལོག་བརྒྱུད་ཐག་གཅོད་བྱས་པའི་འབྲས་བུ་ཞིག་ཡིན་ཞེས་གསལ་བསྒྲགས་གནང་བའི་དོན་གནད་རྣམས་ཁྲིམས་ལུགས་དབང་འཛིན་གྱི་མཛད་ཁུར་བཞེས་མྱོང་བའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་མཛད་པའི་ཡིག་ཆ། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ནོར་ཝེ་རླུང་འཕྲིན་ཁང་ལ་བཀའ་ལན་གནང་བའི་བརྙན་འཕྲིན་སོགས་ནས་ངོས་འཛིན་རྩེ་མཐུན་བྱུང་ཡོད་པ་སྤྱི་ཚོགས་ནང་གསལ་པོ་ཆགས་ཡོད་ཅེས་གསུངས་འདུག་པ་མ་ཟད་ད་རེས་ཀྱི་ཐག་གཅོད་དེ་བཞིན་ཡིག་ཐོག་བརྒྱུད་བཀའ་སྤྱི་གཉིས་ཀར་སྙན་གསན་ཡང་ཞུས་ཟིན་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ལས་ཁུར་རྒྱུན་སྐྱོང་གནང་རྒྱུའི་གསལ་བསྒྲགས་གནང་གྲུབ་མཚམས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གྲོས་ཆོད་རྗེས་འབྲེལ་གྱི་ལས་དོན་རྣམས་མཇུག་སྐྱོང་བྱེད་བཞིན་པའི་སྐབས་སུ་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གློ་བུར་དུ་དགོངས་ཞུས་གནང་བ་དང་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཚོགས་རྒྱུ་དང་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུའི་དུས་ཚོད་གཏན་འབེབས་ཟིན་ཡང་ཚོགས་ཐབས་བྲལ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

གནད་དོན་དེའི་ཐད་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་འོག་༸གོང་ས་མཆོག་གི་དྲུང་ནས་ལམ་སྟོན་བཀའ་སློབ་ཞུ་འཆར་ཡོད་པའི་མཚམས་དེར་དེ་སྔ་ཕྱིར་བཤོལ་གནང་བའི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་བའི་གསལ་བསྒྲགས་གནང་བ་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ལ་དོ་ཕོགས་བཏང་སྟེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་བཞག་པའི་གྲོས་ཆོད་རྩིས་མེད་རྡོག་རོལ་བཏང་བ་དང་མང་གཙོའི་ལམ་ལུགས་སམ་ཁྲིམས་ཀྱི་དབང་བསྒྱུར་ལ་ཉམས་དམས་ཚབས་ཆེན་བཏང་བ་ཞིག་ཆགས་ཡོད་སྟབས་ངོས་ལེན་བྱ་ཤེས་ཐབས་མེད་པ་ཞིག་ཡིན་ནའང་། ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་ཅེས་གསུངས་འདུགགཞི་རྩའི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གྱི་གནད་དོན་དེ་ནི་སྔར་ལོའི་ཕྱི་ཟླ་ ༨ ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་འཕར་འགྱངས་གནང་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་དང་འགལ་འཛོལ་ཆགས་ཀྱི་ཡོད་པའི་ལམ་སྟོན་བཀའ་ཁྱབ་རིམ་བསྟུད་བཏང་མཐར། ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༩ ཕྱི་ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཚོགས་གཙོ་སྦྲེལ་པོས་གཙོས་པའི་སྤྱི་འཐུས་རྒྱུན་ལས་ ༡༡ གིས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐོག་ ༢༠༢༡ ཕྱི་ཟླ་ ༣ ཚེས་ ༡༡ བར་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་བ་སོགས་ལས་འཕྲོས་ཏེ་བྱུང་བ་ཞིག་ཡིན་པ་དང་ད་བར་གྱི་བརྒྱུད་རིམ་དེ་དག་ཁྲོད་སྐབས་དེའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད་ཡོད་པ་ཚོགས་གཙོ་པདྨ་འབྱུང་གནས་ལགས་སུ་དེ་འབྲེལ་བཅར་འདྲི་ཞུ་ཐབས་ལན་མང་ཞུས་ཀྱང་གོ་སྐབས་ཐོབ་མེད་ཀྱང་། ཁ་སང་དགོང་དྲོ་སྐབས་དེའི་ཚོགས་གཙོ་པདྨ་མ་འབྱུང་གནས་ལགས་ནས་ YouTube དྲྭ་ལམ་བརྒྱུད་གསལ་བཤད་ཅིག་གནང་བར་ཁོང་ཚོགས་གཙོ་ནས་དགོངས་པ་ཞུས་པ་དེ་ནི་ནོར་འཕྲུལ་ཤོར་ཏེ་དགོངས་པ་ཞུས་པ་ཞིག་མིན་པར་དེ་སྔ་ནོར་ཝེ་རླུང་འཕྲིན་ཁང་ནས་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་གི་སྐོར་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཡིན་པ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་ལས་རིམ་དེ་ཉན་པའི་རྗེས་སུ་རིན་པོ་མཆོག་གི་འགྲེལ་བརྗོད་གནང་སྟངས་ཐད་འགན་ལེན་མ་བཟོད་པ་ལྟ་བུར་ཆགས་ཏེ་དགོངས་པ་ཞུས་པ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག རིན་པོ་མཆོག་གིས་འགྲེལ་བརྗོད་གནང་བའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་དགག་ལེན་གྱི་གསལ་བཤད་ཁག་ཅིག་གནང་འདུག་པ་མ་ཟད་ཞིབ་ཕྲའི་གསལ་བཤད་ཅིག་རྗེས་སུ་ཡིག་ལམ་ཐོག་སྤེལ་རྒྱུ་ཡིན་པ་གསུངས་འདུག ཁོང་སྒེར་གྱི་ངོས་ནས་ཁྲིམས་ཀྱི་ངོས་བཞེས་པ་དེ་ནི་ད་བར་ང་ཚོའི་སྤྱི་ཚོགས་ནང་གླེང་སློང་ཙམ་ཡང་བྱུང་མེད་པར་འགྲེལ་བརྗོད་དང་སྦྲགས་དེ་ནི་བཅའ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་འདུག་པ་མ་ཟད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནད་དོན་འདིའི་ཐོག་དང་པོ་ཉིད་ནས་སྤྱི་འཐུས་རྒྱུན་ལས་ལ་བཀོད་ཁྱབ་བཏང་བ་དེ་ནི་ཁྲིམས་མཐུན་བྱུང་མེད་པ་སོགས་སྤྱི་ཡོངས་ཀྱི་བརྒྱུད་རིམ་ཁག་ཅིག་གསལ་བཤད་གནང་འདུགདེའི་བར་ན་དེ་སྔོན་ཡིག་ཆ་ཨང་ ༣༩ དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་འགྱུར་བ་བཏང་སྟེ་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་བཅས་གསུམ་གྱིས་ཁྲིམས་ཞིབ་པ་ཟུར་པ་བྱ་དུར་བཟང་པོ་ལགས་དང་བཀའ་ཟུར་པདྨ་ཆོས་འབྱོར་ལགས། དེ་བཞིན་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་བཅས་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ཡོད་ཀྱང་། འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཁ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བརྙན་ཚན་པའི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ལ་ཚོགས་ཆུང་ལ་ཁྲིམས་ཞིབ་པའི་འོས་མི་རག་མེད་སྐོར་གསུངས་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༢༤ ཉིན་འཚོགས་རྒྱུའི་གྲོས་ཚོགས་དུས་འཕར་མའི་སླད་ཁ་ཉིན་འབྱོར་ཐོ་འགོད་པའི་སྐབས་སུ་ཁྱོན་བོད་མི་མང་སྤྱི་འཐུས་ ༤༥ ནས་སྤྱི་འཐུས་ ༢༡ གིས་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་ཕུལ་བ་དང་། དེ་བཞིན་སྤྱི་འཐུས་གཞན་ ༣ ནས་ཚོགས་བཅར་ཐུབ་མིན་གྱི་ལན་གསལ་མ་གནང་བ་བཅས་ཀྱི་གནས་སྟངས་ལ་གཞིགས་ཏེ། ཁ་ཉིན་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོགས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ནས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་འཚོགས་སླད་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་ཀྱི་མེད་སྟབས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བསྐོང་ཚོགས་གནང་ཐབས་བྲལ་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་དགོངས་དོན་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་ཡོད་པ་རེད།དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཟིན་མཚམས་སུ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་ཚོས་ཁྲིམས་ཞིབ་པ་རྣམ་པར་དགའ་བསུ་ཞུས་པ་དང་སྦྲགས། བདམས་ཐོན་སྲིད་སྐྱོང་དང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་ཁག་སེལ་ཐུབ་ཡོད་པ་གསུང་མཁན་འདུག་པ་དང་། ཁག་ཅིག་ནས་ཁྲིམས་ཞིབ་པ་རྣམ་པ་ལས་ཁུར་རྒྱུན་སྐྱོང་གནང་བ་དེ་ནི་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པས་ཐག་གཅོད་གནང་བར་རྩིས་མེད་དང་གྲོས་ཚོགས་ཀྱི་ལས་དོན་དང་མང་གཙོ་ལ་དོ་ཕོག་བཏང་ཞིག་རེད་ཅེས་གསུང་མཁན་ཡང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།