Tibetan Royal Year of 2151 | Year of the Wood Dragon

ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་བྱེད་པའི་ཁྲིམས་སྒྲིག་ཨང་ ༡༩ ཕྱིར་འཐེན་དགོས་པའི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་སྐྱོབས་འབྲེལ་མཐུད་ཁང་དང་ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཟུང་སྦྲེལ་གྱིས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ ནང་འདོན་སྤེལ་བྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་བྱེད་པའི་ཁྲིམས་སྒྲིག་ཨང་ ༡༩ པའི་ཉེན་ཚབས་སྐོར་གྲོས་མོལ་གྱི་ལས་རིམ་ཞིག་ཚོགས་པ་དང་འབྲེལ། ཁྲིམས་སྒྲིག་དེ་ཉིད་ཕྱིར་འཐེན་དགོས་པ་གཙོས་བོད་ནང་གི་ཆོས་དད་རང་དབང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་འདུག

རེས་གཟའ་ཉི་མ་ཉིན་གོ་སྒྲིག་ཞུས་པའི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོ་ཉི་འོང་གྲོས་ཚོགས་འཐུས་མི་ Mitusbayashi Hiromi ལགས་དང་ Miyawaki Junko ལགས་རྣམ་གཉིས་ཀྱིས་དབུས་པའི་ཡུལ་དེའི་དགེ་འདུན་ལྷན་ཚོགས་ཀྱི་ཚོགས་གཞོན་ Kobayashi Shuei ལགས། ཉི་འོང་ཡུ་གུར་ཚོགས་པའི་ Sawut Mohamed ལགས། ལྷོ་སོག་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Govrud Archa ལགས། དེ་བཞིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ལྷན་ཞུགས་ཀྱིས་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་ཆོས་ལུགས་ཀྱི་ལས་དོན་ལ་ཚོད་འཛིན་དམ་བསྒྲགས་ཀྱི་ཁྲིམས་སྒྲིག་ཨང་ ༡༩ པའི་ཉེན་ཚབས་སྐོར་བགྲོ་གླེང་ལྷུག་པོ་གནང་འདུག་པར་མ་ཟད། བོད་ནང་གི་ཆོས་དད་རང་དབང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བར་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་ལྟ་བུའི་རྒྱ་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ལས་གཞི་དེ་དག་མཚམས་འཇོག་ཡོང་སླད་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་དགོས་པ་གསུངས་འདུག

སྐབས་དེར་ཉི་འོང་གྲོས་ཚོགས་འཐུས་མི་ Mitusbayashi Hiromi ལགས་ཀྱིས་ཤར་ཏུར་ཀི་སི་ཐན་ནང་ཕྱག་ལས་གནང་བའི་ཉམས་མྱོང་སྐོར་ཞིབ་ཕྲ་འགྲེལ་བརྗོད་དང་སྦྲགས་ཏེ། ཁོང་རང་ཉིད་ཉི་ཧོང་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་དྲུང་ཆེ་དང་ཡུ་གུར་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་མི་ཡིན་པའི་ཆ་ནས་ཉི་ཧོང་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་བྱེད་པའི་ཁྲིམས་སྒྲིག་ཨང་ ༡༩ པ་དེར་སྐྱོན་བརྗོད་གནང་ངེས་ཡིན་ཞེས་གསུངས་འདུག་པར་མ་ཟད། ཉི་འོང་དགེ་འདུན་ལྷན་ཚོགས་ཀྱི་ཚོགས་གཞོན་ Kobayashi Shuei ལགས་ཀྱིས་རྒྱ་ནག་ལྟ་བུའི་ཆོས་ཁེས་མི་ལེན་མཁན་གྱི་རྒྱལ་ཁབ་ཤིག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་གཏོགས་ཇི་ལྟར་བྱེད་ཚུལ་བཅས་ཀྱི་སྐོར་གླེང་མོལ་གནང་འདུག

དེ་བཞིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་མགྲོན། ཚོགས་ཞུགས་པ། གསར་འགྱུར་བརྒྱུད་ལམ་བཅས་ལ་བགྲོ་གླེང་འདིར་མཉམ་ཞུགས་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་ས་གནས་མང་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་དང་ཚོད་འཛིན་བྱས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་ཁྲིམས་སྒྲིག་ཨང་ ༡༩ པ་དེ་བརྒྱུད་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་དེ་ཁྲིམས་མཐུན་བཟོ་ཐབས་བྱས་ཡོད་སྐོར་གསལ་བཤད་གནང་འདུག

ཐེངས་འདིའི་བགྲོ་གླེང་ཁྲོད་ཚོགས་བཅར་བ་རྣམས་ནས་གྲོས་ཆོད་བསྣམས་ཕེབས་པའི་ནང་། ཁྲིམས་སྒྲིག་དེའི་བརྒྱུད་རྒྱ་ནག་རྒྱལ་ནང་དང་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཡུལ་གྲུ་ཁག་གི་ཆོས་ཉམས་ལེན་བྱེད་མཁན་རྣམས་ལ་འཇིགས་སྣང་དང་གནོད་འཚེ་ཆེན་པོ་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་གནོད་འཚེ་བཟོ་བཞིན་ཡོད་སྐོར་མངོན་གསལ་དང་སྦྲགས། བགྲོ་གླེང་གི་གོ་སྒྲིག་པ་དང་ཚོགས་ཞུགས་པ་ཚོས་རྒྱ་གཞུང་གིས་ཆོས་ལུགས་ཀྱི་ལས་དོན་ལ་ཚོད་འཛིན་དམ་བསྒྲགས་བྱེད་བཞིན་པ་དེ་རྩ་བ་ནས་འགྲིག་ཐབས་མེད་སྐོར་དང་། ཁྲིམས་སྒྲིག་ཨང་ ༡༩ པར་མཐའ་གཅིག་ཏུ་སྐྱོན་བརྗོད་གནང་རྒྱུ་ཡིན་ཞེས་གསུངས་འདུག

ཉི་ཧོང་གི་མི་མང་དང་ནང་པའི་དགོན་པ་ཁག ཁ་ཆེའི་ལྷ་ཁང་། དེ་བཞིན་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་ལྟ་བུའི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་གཙོས་གཞི་རྩའི་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ལས་གཞི་དེ་དག་མཚམས་འཇོག་ཡོང་སླད་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་དགོས་པ་གསུངས་འདུག 

འབྲེལ་ཡོད་གསར་གནས།

གསར་གནས།