བོད་མདོ་སྨད་རེབ་གོང་གི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་འདས་པའི་ཟླ་བ་གཅིག་རིང་བཀག་ཉར་བྱས་ཏེ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཉེས་འགེལ་བྱས་འདུག

དེ་ཡང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་ཞིག་འབྱོར་བར་གཞིགས་ན། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་འདི་ལོའི་སུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་རང་ཉིད་ཀྱི་སྐད་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་པའི་ཉེས་མིང་འོག་འདི་ལོའི་ཕྱི་ཟླ་ ༣ ཟླ་དཀྱིལ་ཙམ་དུ་རེབ་གོང་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱིས་ཁོང་དགོན་པའི་རང་ཤག་ནས་འཛིན་བཟུང་གིས་རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་རེབ་གོང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁོང་ཟླ་བ་སྔོན་མར་ཁྲིམས་ཐག་མ་བཅད་སྔོན་གྱི་བཀག་ཉར་དུས་ཡུན་བསྡོམས་ཏེ་ལོ་གཅིག་དང་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཁྲིམས་བཤེར་དང་ཁྲིམས་ཆད་སོགས་གཏོང་སྐབས་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་སྟབས་བྱས་ཤིང་། ཁོང་གི་ཤ་ཉེ་སྤུན་མཆེད་རྣམས་ཀྱང་མ་ཉེས་ཁ་གཡོག་གི་ཉེས་ཆད་འགེལ་སྲིད་པའི་འཇིགས་སྣང་འོག་གནས་ཡོད་སྟབས་འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་ཁོང་གི་གནས་སྟངས་ཇི་ཡིན་སོགས་འདྲི་རྒྱུ་དེའང་ཉེན་ཚབས་ཆེན་པོར་གྱུར་ཡོད་པ་རེད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཕྱི་ཟླ་ ༩ ཚེས་ ༢༢ ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་གནས་སྤོ་བྱས་ཏེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་འཁེལ་གྱི་ཡོད་པའི་གནས་སྟངས་རེད་འདུག
གཞི་རྩའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ནི་རེབ་གོང་སྨད་པ་ནས་ཡིན་ཞིང་། དེ་སྔ་ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་བཞུགས་སྒར་རྡ་རམ་ས་ལའི་མཚན་ཉིད་གྲྭ་ཚང་དུ་ལོ་བཅུའི་རིང་སློབ་གཉེར་གནང་ཞིང་ཕར་ཕྱིན་གྲུབ་པ་དང་ཕྱི་ལོ་༡༩༩༦ ལོར་བོད་ལ་ཕྱིར་ལོག་གིས་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་དུ་བཞུགས་ནས་མཚམས་སྙེན་སྒྲུབ་དང་ཉམས་ལེན་ལ་འབད་ཡོད་པ་མ་ཟད། སྐབས་རེར་གནས་ཆེན་ཁག་ཏུ་ཉམས་ལེན་གནང་གིན་ཡོད་འདུག རྒྱ་གཞུང་གིས་ཁོང་ལ་དེ་སྔ་ནས་དོགས་ཟོན་དང་ལྷག་པར་དུ་དུས་ཆེན་ཁག་ལ་ཁོང་གི་བཞུགས་ཤག་གི་ཀླད་དང་གྱང་ཁ་སོགས་ནས་ཉེན་རྟོག་པས་གསང་ཉུལ་དང་སོ་ལྟ་བྱས་མྱོང་ཡོད་འདུག་ལ་ཁོང་ནི་བོད་ཀྱི་ཡིག་གཟུགས་ལེགས་བྲིས་ལ་མཁས་པ་དང་། དབྱིན་ཡིག་མཁྱེན་པ། དོན་གཉེར་ཅན་རྣམས་ལ་ཡིག་གཟུགས་དང་དབྱིན་ཡིག་སློབ་ཁྲིད་སོགས་གནང་གི་ཡོད་པ་རེད།




