Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

ཁ་སང་སྤྱི་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྐོར་དབྱིན་ཡུལ་ནང་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་ཡོད་པ་དང་། སྐབས་དེར་དབྱིན་ཡུལ་སྲིད་བློན་གྱི་ཆོས་དད་རང་དབང་གི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Fiona Bruce མཆོག་གིས་དབུ་འབྱེད་གཏམ་བཤད་གནང་བ་དང་འབྲེལ། ཚོགས་འདུ་དེའི་ནང་བོད་མི་གཙོས་པའི་ཡུ་གུར་དང་།  ཧོང་ཀོང་། ཡི་ཤུ། Falun Gong ཆོས་བརྒྱུད་འཛིན་མཁན་སོགས་ཀྱི་སྐུ་ཚབ་ཁག་གཅིག་ནས་མཉམ་ཞུགས་གནང་འདུག

Religious Freedom Meeting
Photo: freetibet.org-X

དེའང་ཟླ་བ་འདིའི་ཚེས་ ༡༧ ཉིན་མོ་དེ་ནི་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་དོ་དམ་བཀག་ཉར་འོག་མི་ལོ་ ༢༩ འཁོར་གྱི་ཡོད་པའི་དུས་ཚིགས་འཁེལ་གྱི་ཡོད་པ་ལྟར། China Watch དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱི་གོ་སྒྲིག་འོག་དབྱིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་ད་རེས་ཀྱི་ལས་རིམ་དེ་འཚོགས་གནང་བ་ཞིག་ཡིན་པ་དང་། ལས་རིམ་དེའི་ཐོག་དབྱིན་ཡུལ་གཞུང་གི་ཆོས་དད་རང་དབང་གི་སྐུ་ཚབ་ལྕམ་སྐུ་ Fiona Bruce མཆོག་ཙམ་མ་ཟད། བོད་མིའི་ཕྱོགས་ནས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་དང་། ཡུ་གུར་རང་དབང་འཐབ་རྩོད་གནང་མཁན་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་དབྱིན་ཡུལ་ཡན་ལག་འགན་འཛིན་ལྕམ་སྐུ་ Mahmut Rahima, དེ་བཞིན་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་སྐུ་ཞབས་ Benedict Rogers སོགས་ལྷན་བཞུགས་གནང་ཡོད་པ་རེད།

Religious Freedom Meeting
Photo: freetibet.org-X

ཚོགས་འདུ་དེ་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་གིས་དབྱིན་ཡུལ་བོད་རང་དབང་ཚོགས་པའི་ཞུ་གཏུག་འགན་འཛིན་བསྟན་འཛིན་ཀུན་དགའ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་འདི་ལྟར་འགྲེལ་བརྗོད་གནང་སོང་།

རྩ་བའི་ཁ་སང་གི་ལས་རིམ་དེའི་ཐོག་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཕ་ར་སི་ལགས་ཀྱིས་ཆོས་དད་རང་དབང་ཐད་གྲོས་བསྡུར་གྱི་ལས་རིམ་འདི་ལྟ་བུ་ནི་དུས་ལ་བབ་ཡོད་པའི་གནད་འགག་འགྲེལ་བརྗོད་ཀྱིས་སླེབས་ལ་ཉེ་བའི་སྤྱི་ཚེས་ ༡༧ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་བཙན་པོའི་དབང་ཤེད་ཀྱིས་ཁྲིམས་མཐུན་མིན་པའི་འཛིན་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་འགྱུར་ནས་ལོ་ངོ་ ༢༩ འཁོར་གྱི་ཡོད་པའི་དུས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུ་འཆར་ཡོད་པ་གསུངས་འདུག་པ་དང་། ལྕམ་སྐུ་ Mahmut Rahima ལགས་ཀྱིས་ཁོང་རང་གི་སྐྱེས་ཡུལ་ཤར་ཏུར་ཀིས་ཊན་ནང་དུ་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་ཡོད་པ་གསལ་འདོན་གནང་སྟེ། ཁོང་གི་རྒྱལ་ཁབ་ནང་དུ་ཆོས་དད་རང་དབང་རྩ་བ་ནས་མེད་པ་ངོ་སྤྲོད་གནང་འདུག

Religious Freedom Meeting
Photo: freetibet.org-X

དེ་བཞིན་ Falun Gong ཆོས་བརྒྱུད་འཛིན་མཁན་ Jenna Zhang ལགས་ཀྱིས་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད་ཆོས་བརྒྱུད་དེ་འཛིན་མཁན་ཁོང་གི་ཨ་མས་རྒྱ་གཞུང་གི་དྲག་གནོན་འོག་ཇི་ཙམ་མྱངས་ཡོད་པའི་མྱོང་བ་འགྲེལ་བརྗོད་དང་འབྲེལ། ཁོང་གི་ཨ་མར་རྒྱ་གཞུང་གི་བཀག་ཉར་ཁང་དུ་གློག་རྒྱུག་བེད་སྤྱོད་ཀྱིས་རྡུང་རྡེག་བཏང་ཡོད་པ་མ་ཟད་རྒྱ་གཞུང་ཉེན་རྟོག་པས་ཁོང་རྣམ་པའི་རང་ཁྱིམ་གཏོར་བཅོམ་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། དབྱིན་ཡུལ་གཞུང་ནས་ཁྲིམས་ལུགས་སྟངས་འཛིན་གྱི་དྲང་བདེན་དང་ Falun Gong ཆོས་བརྒྱུད་འཛིན་མཁན་ཆེད་དུ་ཞུ་སྐུལ་གནང་དགོས་པའི་རེ་འབོད་གནང་འདུག

ད་དུང་ཧོང་ཀོང་ལྟ་ཞིབ་ཁང་དབུ་འཛུགས་གནང་མཁན་སྐུ་ཞབས་ Benedict Rogers ལགས་ཀྱིས་ཡི་ཤུ་ཆོས་ལུགས་འཛིན་མཁན་རྣམས་རྒྱ་གཞུང་འོག་ཏུ་དྲག་གནོན་དཀའ་སྡུག་ཇི་ཙམ་མྱངས་ཀྱི་ཡོད་པ་གསལ་འདོན་གནང་བ་དང་འབྲེལ། རྒྱ་ནག་ཏུ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུའི་ལས་གཞི་ཇེ་ཆེར་སྤེལ་བཞིན་ཡོད་པར་ཐེར་འདོན་དང་། རྒྱ་གཞུང་གི་ཆོས་དད་རང་དབང་རྡོག་རོལ་གྱི་ཇུས་ངན་དེ་དུས་ནམ་ཡང་ལམ་ལྷོང་གྲུབ་འབྲས་ཐོན་རྒྱུ་མིན་པའི་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།