Tibetan Royal Year of 2151 | Year of the Wood Dragon

གཞོན་སྐྱེས་ཚོས་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དགོས།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

དེ་རིང་སྔོ་དྲོ་སྟེ། ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་བརྒྱུད་ནས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ British School ཞེས་པའི་ཨིན་ཇིའི་སློབ་གྲྭའི་གསོལ་འདེབས་ཞུས་དོན་ལྟར་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད།  སློབ་ཕྲུག་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་གནང་ཁག་ལ་བཀའ་ལན་སྩལ་ཡོད།དེ་རིང་གི་བཀའ་སློབ་ཀྱི་ལས་རིམ་གྱི་ཐོག་མར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་སྐུ་ན་གཞོན་དུས་ནས་རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་ནས་འཚར་ལོང་བྱུང་བ་ཞིག་ཡིན་སྐོར་དང་། ཕྱིས་སུ་བཙན་བྱོལ་དུ་ཕེབས་ནས་འདས་བའི་མི་ལོ་དྲུག་བཅུ་ཙམ་ལ་རྒྱ་གར་དུ་བཞུགས་མུས་ཡིན་པ་ལྟར་མགོན་པོ་གང་གི་སྐུ་ཚེ་ཧྲིལ་བོ་རྒྱ་གར་གྱི་འབྲས་རྡལ་དང་བག་ལེབ་སོགས་ཀྱིས་གསོས་བ་ཞིག་ཡིན་སྟབས། གང་ཉིད་ཀྱིས་དུས་རྟག་ཏུ་སྐུ་ཉིད་རྒྱ་གར་གྱི་སྲས་ཤིག་ཡིན་པར་ཚོར་བཞིན་ཡོད་སྐོར་འཀའ་སྩལ་བ་དང་འབྲེལ་ནས། འདས་བའི་མི་ལོ་བཞི་བཅུའི་རིང་ལ་དེང་རབས་ཀྱི་ཚན་རིག་པ་མང་པོ་མཇལ་འཕྲད་ཀྱིས་བགྲོ་གླེང་རིམ་བྱུང་བའི་ཁྲོད་དུ། གང་ཉིད་ཀྱིས་སྐུ་ན་ཕྲ་དུས་ནས་རྒྱ་གར་ནས་ཆད་ཡོང་བའི་ནང་པའི་གཞུང་ཆེན་ཁག་དང་ལྟ་གྲུབ་འདྲ་མིན་ལ་སློབ་སྦྱོང་བྱས་པ་དེ་ནི་དོན་གོ་ཆོད་པ་ཞིག་ཡིན་པ་ཚོར་བཞིན་ཡོད་པ་མ་ཟད། འདོད་བློ་ཚིམས་ནས་ཡོད་སྐོར་བཀའ་གནང་སྟེ། ནང་པའི་གཞུང་ཆེན་ཁྲོད་ཀྱི་ཞི་གནས་དང་ལྷག་མཐོང་སོགས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་སོང་། དེ་བཞིན་མགོན་པོ་གང་གིས། དེང་རབས་ཀྱི་ཚན་རིག་པ་རྣམས་ཀྱིས་ཕྱི་དངོས་བོར་བརྟག་དཔྱད་བྱས་པ་བརྒྱུད་ནས་སློབ་སྦྱང་གི་རིམ་པ་མཐོ་བོ་སླེབས་ཡོད་ནའང་།  དེང་རབས་ཀྱི་ཚན་རིག་གི་ནང་དུ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་ཚོར་མྱོང་སོགས་ཀྱི་སྐོར་ནས་བློ་སྐྱེད་ལེན་ཐབས་མེད་སྐོར་བཀའ་གནང་བ་དང་འབྲེལ་ནས།   གནའ་བོའི་རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་གཞུང་ཆེན་ཁག་གི་ནང་དུ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་འགྱུར་ལྡོག་སྐོར་ལ་སློབ་ཚན་རྒྱས་བ་ཡོད་སྟབས། ད་ཆ་ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ཀྱིས་ཀྱང་དཔལ་ནཱ་ལེན་དྲའི་ལྟ་གྲུབ་ཁག་ལ་ཡི་རངས་གནང་སྟེ་སློབ་སྦྱོང་བྱེད་རྒྱུར་དང་དོད་ཆེན་པོ་གནང་གི་ཡོད་པ་དང་། རྒྱ་གར་གྱི་ནང་དུ་ལོ་ངོ་སུམ་སྟོང་གི་གོང་ནས་འཚེ་མེད་དང་སྙིང་རྗེ་སོགས་ཀྱི་ལྟ་གྲུབ་དེ་དར་ཁྱབ་བྱུང་ཡོད་པ་་ཞིག་ཡིན་བཀའ་གནང་སྟེ། རྒྱ་གར་གྱི་སློབ་ཕྲུག་རྣམས་ཀྱིས་དེང་རབས་ཀྱི་སློབ་སྦྱོང་མཉམ་དུ་གནའ་བོའི་རྒྱ་གར་གྱི་རིག་གཞུང་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སོང་།བཀའ་སློབ་ཀྱི་ལས་རིམ་ལེགས་པར་གྲུབ་མཚམས་སུ། སློབ་ཕྲུག་ཁག་ཅིག་གིས་མགོན་པོ་གང་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་དུ། འདི་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་གི་ལུས་མེམས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། མི་མང་གི་འཚོ་བ་སྔར་རྒྱུན་ལྟར་སོར་ཆུད་ངང་གནས་ཐབས་ལ་རེ་བ་གཟུགས་ཀྱི་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ལོ་རྒྱུས་ནང་དུ་གཟིགས་པ་ཡིན་ན་སྔར་ལོའི་རིམས་ནད་དེ་གསར་བ་གང་ཡང་མིན་པར་བཀའ་གནང་སྟེ། ཐེངས་འདིའི་རིམས་ནད་ཀྱི་ཁྲོད་དུ་སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་དཀའ་བ་ཆད་དུ་བསད་ནས་མིའི་རིགས་ཀྱི་བདེ་རྩའི་ཆེད་དུ་ཕྱག་ལག་རྒྱ་ཆེར་གནང་བཞིན་པར་རྗེས་སུ་ཡི་རངས་ཞུས་པ་དང་འབྲེལ་ནས། འགྲོ་བ་མིའི་རིགས་ལ་དཀའ་ངལ་ག་རེ་བྱུང་བ་ཡིན་ན། བློ་ཐག་རྦབ་ཆོད་ཀྱིས་སྤོབས་པ་ཆེ་རུ་བསྐྱེད་ནས་གདོང་ལེན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་ལམ་སྟོན་གྱིས། ལས་རིགས་སོ་སོའི་ཁྲོད་ཀྱི་རིམས་ནད་སྔོན་འགོག་གི་ཆེད་ལས་བ་རྣམས་ཀྱིས་མུ་མཐུད་དུ་དཀའ་ངལ་ལ་གདོང་ལེན་གནང་རྒྱུའི་རེ་སྐུལ་མཛད་སོང་།དེ་བཞིན་བཀའ་འདྲི་གཞན་ཞིག་གི་ནང་དུ། མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ནང་་སྐུ་རླུང་བཞེངས་མྱོང་ཡོད་མེད་དང་། སྐུ་རླུང་བཞེངས་སྐབས་ཁོང་ཁྲོ་དེ་ཇི་ལྟར་ལྡོག་ཐབས་གནང་གི་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་གིས།   ཁོང་ཁྲོ་ལངས་སྐབས་རྒྱུ་མཚན་ལ་ཐུགས་བསམ་བཞེས་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་གནང་བ་དང་འབྲེལ་ནས།  རྒྱ་ནག་གིས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང་མི་མང་གི་བསམ་བློ་བཅོས་བསྒྱུར་གཏོང་ཐབས་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གི་མིག་རྒྱ་ཐུང་བའི་བྱེད་ལས་དང་རྨོངས་ཉིད་ཀྱི་བྱ་བཞག་དེར་གདུང་སེམས་མཉམ་སྐྱེད་ཀྱིས་སྙིང་རྗེ་སྐྱེ་བ་ལས་སྐུ་རླུང་བཞེངས་བཞིན་མེད་སྐོར་བཀའ་གནང་བ་དང་འབྲེལ། ནང་པའི་གཞུང་ཆེན་ཁག་གི་ནང་དུ་རྒྱལ་སྲས་ཞི་བ་ལྷ་ཡིས་དགྲ་བོ་ནི་བཟོད་པའི་དགེ་རྒན་ཡིན་པར་གསུངས་ཡོད་པ་ལྟར་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་སྐོར་བཀའ་གནང་སྟེ། མཚམས་རེར་མགོན་པོ་གང་ཉིད་གཟིམ་ནས་བཞུགས་པའི་སྐབས་སུ་དུག་སྦྲང་གིས་གཉིད་དཀྲོག་པའི་སྐབས་སུ་ལག་སྙོབ་བྱེད་མྱོང་ཡོད་ནའང་།  ད་ཆ་མགོན་པོ་གང་གི་གཟིམ་ཁང་གི་ནང་དུ་དུག་སྦྲང་འགོག་བྱེད་ཀྱི་དྲ་བ་ཡོད་པའི་སྐུ་རྩེད་དང་བཅས་བཀའ་ལན་སྩལ་སོང་། དེ་རིང་བཀའ་སློབ་ཀྱི་མཛད་རིམ་དེར་དབྱིན་ཡུལ་དང་ཀོ་རི་ཡ། དེ་བཞིན་ཨེ་རེ་ཞི་དང་རྒྱ་གར་སོགས་ཀྱི་སློབ་ཕྲུག་མང་དག་ཅིག་མཉམ་ཞུགས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།