Tibetan Royal Year of 2151 | Year of the Wood Dragon

པཱ་ལིའི་བཀའ་སྡེ་སྣོད་གསུམ་ཕབ་འགྱུར་ཞུ་མཁན་གྱི་ལོ་ཙཱ་བ་རྣམས་ཀྱིས་༸གོང་ས་མཆོག་ལ་ལས་དོན་རགས་ཟིན་སྙན་སེང་ཞུས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་གར་བྱང་ཕྱོགས་ཨུཏྟར་པྲ་ཤེ་འམ་ཡུ་པི་མངའ་སྡེར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་པཱ་ལིའི་བཀའ་སྡེ་སྣོད་གསུམ་ཕབ་འགྱུར་ཞུ་མཁན་གྱི་ལོ་ཙཱ་བའི་སྐུ་ཚབ་ཁག་གཅིག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལས་འཆར་དང་འབྲེལ་བའི་སྙན་སེང་ཆེད་དམིགས་བསལ་ཟུར་མཇལ་དང་ལམ་སྟོན་བཀའ་སློབ་ཞུས་སོང་།

 ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་སྔ་དྲོའི་སྙན་སེང་གི་མཇལ་མོལ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཱ་ལིའི་བཀའ་སྡེ་སྣོད་གསུམ་ཕབ་འགྱུར་ཞུ་མཁན་གྱི་ལོ་ཙཱ་བ་རྣམས་ལ་ཐུགས་དགྱེས་ཚོར་ཆེན་པོས་ཕྱག་ལས་ཞེ་དྲག་ཡག་པོ་བྱུང་འདུག་ཅེས་བཀའ་སྩལ་བ་དང་འབྲེལ་ནས་ཐུགས་རྗེ་ཆེ་ཞེས་ཡི་རངས་བསྔགས་བརྗོད་མཛད་འདུག

རླུང་འཕྲིན་ཁང་གིས་པཱ་ལིའི་སྡེ་སྣོད་བོད་བསྒྱུར་གྱི་ལས་གཞི་འགན་འཛིན་གཙོ་བོ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་པཱ་ལིའི་བཀའ་སྡེ་སྣོད་གསུམ་བོད་སྐད་དུ་བསྒྱུར་བའི་ལས་འཆར་ཐོག་༸གོང་ས་མཆོག་གི་དགོངས་གཞི་ཇི་ཡོད་དང་ད་ལྟའི་ཆར་ལས་འཆར་གྱི་གནས་བབ་སོགས་དང་འབྲེལ་བའི་བཀའ་འདྲི་འགའ་ཞུས་པར་ཁོང་གིས་ཕྱི་ལོ་ ༢༠༡༩ ཡས་མས་ཤིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཱ་ལིའི་བཀའ་བསྟན་ཡོངས་རྫོགས་བོད་འགྱུར་བྱུང་ན་ཞེས་ཐུགས་དཀྱེལ་ཆེན་པོའི་བཀའ་སློབ་ཇི་ལྟར་ཕེབས་པ་བཞིན་ལས་གཞི་དང་འབྲེལ་བའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་དང་འབུམ་རམས་པ་ཟླ་བ་ཤར་པ་ལགས་གཉིས་ཕབ་བསྒྱུར་འགན་ཁུར་བ་གཙོ་བོ་དང་ལས་རོགས་ལ་བསྐོ་གཞག་གིས་དབུ་འཛུགས་གནང་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

དེ་བཞིན་རླུང་འཕྲིན་ཁང་གིས་པཱ་ལིའི་མདོ་སྡེའི་སྡེ་སྣོད་ཁག་ཕབ་བསྒྱུར་གནང་མཁན་ལོ་ཙཱ་བ་བདུན་ཡོད་པ་ལས་དེ་རིང་བཞུགས་སྒར་དུ་དངོས་སུ་བཅར་མཁན་བཞི་ལ་ཕབ་བསྒྱུར་གྱི་ལས་བགོས་དང་འབྲེལ་བའི་བཀའ་འདྲི་ཞུས་ཡོད།

རྩ་བའི་པཱ་ལིའི་བཀའ་སྡེ་སྣོད་གསུམ་བོད་སྐད་དུ་བསྒྱུར་བའི་ལས་འཆར་ལས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྡེའི་སྡེ་སྣོད་ཀྱི་ནང་གསེས་ལུང་རིང་པོའི་སྡེའི་མདོ་ ༣༤ རྣམས་བགྲོ་འགྲེམས་ཀྱིས་རགས་ཟིན་དང་པོ་ལེགས་གྲུབ་དང་འབྲེལ། དེ་རིང་སྔ་དྲོའི་ཟུར་མཇལ་སྐབས་༸གོང་ས་མཆོག་ལ་སྤྱན་འབུལ་སྙན་སེང་ཞུས་པ་དང་། ལུང་བར་མའི་སྡེ་ལ་མདོ་གྲངས་ ༡༠༢ བཞུགས་པ་ལས་ཁྱོན་མདོ་ ༤༠ ཕབ་བསྒྱུར་རགས་ཟིན་དང་པོ་གྲུབ་ནས་དེབ་གཟུགས་རྣམ་པ་༸གོང་ས་མཆོག་ལ་སྤྱན་འབུལ་སྙན་སེང་ཞུས་པར་མ་ཟད། དེ་བཞིན་པཱ་ལིའི་སྡེ་སྣོད་གསུམ་གྱི་དཀར་ཆག་སྐད་གཉིས་ཤན་སྦྱར་རགས་ཟིན་ཞིག་དེབ་གཟུགས་རྣམ་པ་༸གོང་ས་མཆོག་ལ་སྤྱན་འབུལ་སྙན་སེང་ཞུས་ཡོད་ལ། ལྷག་པར་གནས་བརྟན་མའི་ཚིགས་སུ་བཅད་མདོ་ལས་ཤློཀ་ ༡༠༨ པཱ་ལི་ནས་བོད་སྐད་དུ་ཕབ་སྒྱུར་རགས་ཟིན་སྤྱན་འབུལ་སྙན་སེང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།