Tibetan Royal Year of 2151 | Year of the Wood Dragon

ཕ་རན་སིར་བོད་མི་གཅིག་བསད་རྐྱེན་རྒྱའི་ཟ་ཁང་ནང་ཕྱག་ལས་གནང་མཁན་བོད་མི་ཚོ་ལས་མཚམས་བཞག་སྟེ་ངོ་རྒོལ་གནང་བ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཉེ་ལམ་ཕྱི་ཚེས་ ༡༡ གི་དགོང་མོ་ཕྱག་ཚོད་ ༧ ཡས་མས་ཤིག་ལ་ཕ་རན་སི་བྱང་ཕྱོགས་ Normandie ས་ཁུལ་དུ་ Saint léonards ས་གནས་སུ་རྒྱ་མིའི་ཟ་ཁང་ཞིག་ཏུ་ཕྱག་ལས་གནང་མཁན་རང་ལོ་ ༣༠ ལ་སོན་པ་ཚུལ་ཁྲིམས་ཞེས་པ་ཞིག་ལ་གྲི་བརྒྱབ་ནས་བསད་པའི་ཡིད་སྐྱོ་གནས་ཚུལ་ཐོན་པ་དང་འབྲེལ། ས་གནས་སུ་གནས་བཞུགས་བོད་མི་རྣམས་ཀྱིས་དེར་ངོ་རྒོལ་དང་འདས་པོ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་གཏན་ཁེལ་འདུག འདས་པོ་ཁོང་རྒྱའི་ཟ་ཁང་ནང་ཕྱག་ལས་གནང་མཁན་ཞིག་ཡིན་པས་ཁོང་ལ་གྲི་བརྒྱབ་མཁན་དེ་རྒྱ་མི་རེད་ཅེས་འགྲེལ་བརྗོད་གནང་གི་ཡོད་ཀྱང་། ད་ལྟའི་ཆར་འདས་པོ་ཁོང་ལ་གྲི་བརྒྱབ་མཁན་གང་ཟག་དེ་རྒྱ་མི་སུ་ཡིན་མིན་དང་རྒྱུ་རྐྱེན་གང་ཡིན་སོགས་ཀྱི་ཐོག་ས་གནས་ཉེན་རྟོག་པས་རྩད་གཅོད་གནང་བཞིན་འདུག

ཕ་རན་སི་ནང་གི་དོན་རྐྱེན་དེའི་ཐད་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་རྣམས་ནས་བློ་འཚབ་དང་སྦྲགས་བོད་མི་ནང་ཁུལ་ཆིག་སྒྲིལ་གནང་སྟེ་སླད་མར་གནས་ཚུལ་དེ་རིགས་མི་ཡོང་བར་ད་ལྟ་ནས་རྣམ་འགྱུར་གཅིག་ཆེད་བཏོན་གནང་དགོས་གལ་ཡིན་པའི་དགོངས་ཚུལ་གསུང་མཁན་འདུག་པའི་ཁྲོད་ཁ་སང་ཕྱི་ཚེས་ ༡༣ ཉིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་ས་གནས་དོན་གཅོད་འབྲེལ་མཐུད་པ། ཕ་རན་སི་བོད་རིགས་ཚོགས་པ། ས་གནས་དབུས་གཙང་ཚོགས་པ། ས་གནས་མདོ་སྨད་རྒྱུན་ལས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་དེ་བཞིན་ས་གནས་གཞོན་ནུ་དང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི། ལི་ཐང་སྐྱིད་སྡུག་གི་སྐུ་ཚབ་རྣམས་འདུ་འཛོམས་ཀྱིས་ཛ་དྲག་ཚོགས་འདུ་ཞིག་བསྐོང་ཚོགས་དང་ཚོགས་འདུར་ཐག་གཅོད་བྱུང་བའི་གནད་དོན་རྣམས་བོད་མི་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་པའི་ཐོག་ལ་སྙན་སྒྲོན་ཞུས་འདུག སྐབས་དེར་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་དོན་རྐྱེན་དེ་ཐོས་འཕྲལ་ཧ་ཅང་བློ་ཕམ་བྱུང་སྐོར་དང་དོན་རྐྱེན་དེ་ཐེངས་དང་པོ་དང་མཐའ་མ་དེ་ཡིན་པའི་རེ་བ་ཡོད་སྐོར་གསུངས་འདུག

ད་ལྟ་གྲི་བརྒྱབ་མཁན་གཙོས་ཁོ་བོ་དང་འདྲ་བའི་རྒྱ་ནག་གུང་ཁྲན་གྱི་དྲག་རྩུབ་དང་ལས་རྒྱུ་འབྲས་མེད་པའི་བྱ་སྤྱོད་སྤེལ་བ་དེ་ཕ་རན་སི་ལྟ་བུ་ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་མང་གཙོའི་རྒྱལ་ཁབ་ནང་མི་འགྲིག་པའི་རྣམ་པ་ཆེད་བཏོན་དགོས་ཞེས་དང་། ལྷག་པར་ཁ་མཆུ་དེ་མ་སེལ་བར་དུ་ང་ཚོས་ལས་འགུལ་མཇུག་སྐྱོང་གནང་རྒྱུ་ཡིན་ཞེས་གསུངས་འདུག ཕ་རན་སི་དོན་རྐྱེན་དེར་ངོ་རྒོལ་དང་འབྲེལ་ཏེ་ཕ་རན་སི་སྲིད་བློན་དང་ཁྲིམས་དོན་བློན་ཆེན་གྱི་མཚན་ཐོག་ཏུ་བོད་རིགས་ཚོགས་པའི་མིང་ཐོག་ནས་སྙན་ཞུ་འབུལ་རྒྱུ་དང་ཁྲིམས་རྩོད་པ་ཚད་ལྡན་གླར་ཏེ་ཁྲིམས་ལྟར་ཞུ་གཏུག་གནང་རྒྱུ། དེ་བཞིན་ཕྱི་ཚེས་ ༡༧ ཉིན་པེ་རི་སིར་མྱ་ངན་ངག་བཅད་གོམ་བགྲོད་གཞི་རྒྱ་ཆེ་བ་སྤེལ་རྒྱུ། ཕྱི་ཚེས་ ༡༨ ཉིན་དོན་རྐྱེན་བྱུང་སར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་དང་། ཚེས་ ༢༤ ཉིན་བོད་རིགས་ཚོགས་པས་གོ་སྒྲིག་འོག་གཞི་རྒྱ་ཆེ་བའི་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་རེད་འདུག

གཞི་རྩའི་ཕ་རན་སིར་གནས་བཞུགས་བོད་མིའི་ཁྲོད་ནས་བརྒྱ་ཆ་མང་བ་ཞིག་རྒྱའི་ཟ་ཁང་དུ་ཕྱག་ལས་གནང་གི་ཡོད་པ་དང་ཁ་སང་མང་ཚོགས་འདུ་སྐོང་སྐབས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་མི་རྣམས་དོན་དམ་གྱི་སེམས་ཤུགས་དང་བློ་སྟོབས་ཡོད་ཚེ་དོན་རྐྱེན་དེར་ངོ་རྒོལ་གྱི་ཚུལ་དུ་ཟླ་བ་གཅིག་རིང་ལས་མཚམས་བཞག་ཐུབ་ན་རྣམ་འགྱུར་གཅིག་ངེས་པར་དུ་ཐོན་གྱི་རེད་ཅེས་གསུངས་ཡོད་པ་དང་།  ཁ་སང་དང་དེ་རིང་བཅས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱའི་ཟ་ཁང་ནང་ཕྱག་ལས་གནང་མཁན་བོད་མི་ཁག་ཅིག་གིས་ལས་མཚམས་བཞག་པའི་བརྙན་པར་མཇལ་རྒྱུ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།