དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ཕོ་མོ་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཡོད་པ་རེད།

དེ་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ལ་མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་ཆོས་ཚུལ་བཟང་པོ་ཞིག་ཡོད་པ་དང་། བཙན་བྱོལ་དུ་འགྱུར་རྗེས་རང་དབང་ལུང་པའི་ནང་ང་ཚོར་སངས་རྒྱས་པའི་ཆོས་དངོས་གནས་དྲང་གནས་ཀྱི་ཉམས་ལེན་ཡག་པོ་ཞིག་གནང་ཐུབ་པའི་གོ་སྐབས་ཡོད་པ་ལྟར། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་གནང་ཐུབ་པའི་སེམས་ཤུགས་སྐྱེ་དགོས་གལ་ཡིན་པའི་བཀའ་སློབ་བཀའ་དྲིན་སྩལ་འདུག
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཟླ་གཉིས་ཙམ་སྐུ་བཞུགས་ཀྱིས་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་དེ། ཕྱི་ཚེས་ ༡༥ ནས་ཉིན་ལྟར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དད་ལྡན་བརྒྱ་ཕྲག་བརྒལ་བ་རྣམས་ལ་མང་མཇལ་དབུ་འཛུགས་བསྐྱངས་ཡོད་པ་དང་། གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་སུད་སི་ལྷ་ས་བུའི་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གྱི་འདུ་འཛོམས་ཐོག་ཆིབས་བསྒྱུར་མཛད་ཡོད་པ་རེད།

མ་ཟད། ཁ་སང་ཕྱི་ཚེས་ ༢༦ ཉིན་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་མི་གཙོས་ཆབ་སྲིད་བཙོན་ཟུར་ ༣༠༠ ཙམ་དང་ལྷ་ས་བུའི་ཚོགས་པའི་ཚོགས་མི་གཞན་ཡང་ཕྱི་རྒྱལ་དང་ཧི་མ་ལ་ཡའི་རི་རྒྱུད་བོད་མི་བཅས་དད་ལྡན་མང་ཚོགས་ ༤༥༠ ཙམ་ལ་མང་མཇལ་སྩལ་སྐབས། རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བརྟན་བཞུགས་གོ་སྒྲིག་ཚོགས་གཙོས་བོད་ནང་གི་བོད་མིའི་གདུང་འབོད་སྙན་སེང་ཞུས་པ་དང་། ཆབ་སྲིད་བཙོན་ཟུར་ངག་དབང་སངས་སྒྲོལ་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་གསོལ་འདེབས་ཞུས་པར་༸གོང་ས་མཆོག་གིས། དེང་སང་རྒྱ་ནག་ནང་དུ་ནང་ཆོས་ཤུགས་ཆེན་པོ་དར་གྱི་ཡོད་པ་དང་། རིམ་པས་བདེན་པའི་མཐའ་གསལ་ཡག་དམིགས་བསལ་ཞིག་འདུག་ཅེས་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཀྱང་རིམ་པས་བོད་ཀྱི་བླ་མ་ཙམ་མིན་པར་རྒྱ་མིའི་བླ་མ་ཡང་ཆགས་ཡག་གི་བཟོ་ལྟ་ཆེན་པོ་འདུག་ཅེས་དང་། སྤྱིར་ཆོས་ཀྱི་ཆ་ནས་རྒྱ་བོད་གཉིས་ལ་དབྱེ་བ་མེད་པ་དང་། སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་གནང་ཡག་ནི་སུ་ལ་ཡིན་ནའང་གོ་ཐུབ་ཡག་ཅིག་ཡིན་པ་བཀའ་སྩལ་འདུག



