Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པ་ཚོགས་པ།

Tibetan News Headlines

  • Dalai Lama’s 89th birthday marked in French Senate
  • UN Member States urged to press Beijing on UPR recommendations
  • 2nd International Tibet Youth Forum concludes
  • Labor Party wins UK General Election; Keir Starmer succeeds Sunak as next British PM

རེས་གཟའ་པ་སངས། ༢༠༢༤།༠༧།༠༥

  • ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་འཁྲུངས་སྐར་བསུ་བརྩི་ཞུ་རྒྱུ།
  • རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།
  • ཨིན་ཡུལ་འོས་བསྡུའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ དབུ་འཛུགས་གནང་སོང་།

Tibetan Chamber of Commerce

དེ་ཡང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་། ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱི་གཙོས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ།  དེ་བཞིན་བལ་ཡུལ་དང་རྒྱ་གར་གྱི་ས་གནས་གང་ས་ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་མི་གྲངས་ ༤༠ ཙམ་ནས་མཉམ་ཞུགས་གནང་སོང་།

སྐབས་དེར་མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་འདས་པའི་ལོ་གཅིག་རིང་གི་ལས་སྡོམ་སྙིང་བསྡུས་ངོ་སྤྲོད་དང་། ལྷག་པར་སྔ་ལོར་ཁོང་གིས་སྣེ་འཁྲིད་པའི་ཚོགས་མི་ ༡༧ ཨ་རིར་ཕྱོགས་བསྐྱོད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་སོགས་ལུང་འདྲེན་གྱིས་དེས་ཁོང་རྣམ་པ་ཚོ་ཨ་རིར་ཡོད་པའི་ཚོང་པའི་ལས་རིགས་གཉེར་མཁན་ཚོ་དང་ལྷན་དུ་བདེ་ཚོགས་འདིའི་ལས་གཞི་རྒྱ་སྐྱེད་གཏོང་ཐབས་དང་བོད་མི་ནང་ཁུལ་དབར་གཅིག་ཕན་གཅིག་གྲོགས་ཀྱི་ལས་ཀ་བརྩམ་ཐུབ་ཐབས། དེ་བཞིན་ཚོང་པའི་བདེ་ཚོགས་འདི་ཡིས་བོད་པའི་སྤྱི་ཚོགས་ཁྲོད་ཚོང་པ་སྐྱེད་སྲིང་གི་ལས་གཞི་སོགས་ཀྱི་ཐད་བགྲོ་གླེང་ལྷུག་པོ་གནང་ཡོད་སྐོར་ཙམ་མ་ཟད། སྤྱི་ཚོགས་ཁྲོད་ཚོང་པ་གང་མང་སྐྱེད་སྲིད་གནང་རྒྱུའི་ཐད་མ་འོངས་ལས་འགུལ་སྤེལ་ཕྱོགས་ཐད་ངོ་སྤྲོད་ཞུས་རྗེས་བསྟི་གནས་ཁང་གི་དངུལ་གཉེར་བས་དངུལ་རྩིས་དང་འབྲེལ་བའི་སྙན་ཐོ་ཁག་སྒྲོགས་སྦྱང་ཞུས་སོང་།

Tibetan Chamber of Commerce

དེ་བཞིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས། བཀའ་ཤག་སྐབས་ ༡༦ པའི་དམིགས་ཡུལ་ནི་བོད་མིའི་ཚོང་ལས་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་བབ་ཡར་རྒྱས་གཏོང་རྒྱུ། དེ་བཞིན་གཞིས་ཆགས་སྲ་བརྟན་སོགས་ཡིན་པས། བོད་མིའི་སྒྲིག་འཛུགས་དང་ཚོང་ལས་བདེ་ཚོགས་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་བདེ་རྩ། བརྟན་བརླིང་སོགས་ཀྱི་ཐད་ཕྱག་ལས་གནང་དགོས་གལ་དང། དེང་སྐབས་ཚོང་ལས་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱ་གར་ནང་བོད་མི་ཚོར་གོ་སྐབས་སྣ་མང་ཡོད་སྐོར་གསུངས་ཏེ། ཚོང་པའི་བདེ་ཚོགས་འདི་ཡིས་བོད་མི་ཚོང་པ་ཁག་ལ་ལམ་སྟོན་དང་མཉམ་དུ་འབྱུང་འགྱུར་ལོ་ལྔ་དྲུག་ནང་ཚོང་ལས་ཀྱི་གོ་སྐབས་གང་མང་བསྐྲུན་དགོས་གལ་ཙམ་མ་ཟད། ཚོགས་བཅར་བ་རྣམས་ནས་ཚོང་ལས་གང་ཞིག་གནང་ཀྱང་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞི་དང་མཐུན་པའི་སྒོ་ནས་གནང་དགོས་པ་སོགས་ཀྱི་གཏམ་བཤད་གནང་སོང་།

འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་སུ་འདས་པའི་ལོ་ངོ་བཅུ་གཉིས་རིང་ལ་ཚོགས་པ་དེའི་ངོས་ནས་བཙན་བྱོལ་བོད་མིའི་ཚོང་པ་སྤྱི་དང་། སྤྱི་ཚོགས་ཀྱི་ལས་དོན་སོགས་ལ་དམིགས་པའི་ཐོག་མའི་དམིགས་ཡུལ་ལྟར་ཕྱག་ལས་ག་ཚོད་གནང་ཐུབ་ཡོད་མིན་ཐད་བཅར་འདྲི་ཁག་གཅིག་ཞུས་ཡོད།

Tibetan Chamber of Commerce

ཡང་དེ་རིང་ཉིན་རྒྱབ་ཏུ་ཚོགས་པའི་སྔོན་རྩིས་གཏན་འབེབས་དང་མ་འོངས་དཔལ་འབྱོར་གནས་བབ་ཐོག་གྲོས་བསྡུར་སོགས་གནང་རྗེས། ཚོགས་པ་འདིའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་གསར་པ་འོས་འདེམས་གནང་གི་ཡོད་པ་རེད་འདུག

གཞི་རྩའི་བོད་ཀྱི་ཚོང་ལས་བདེ་ཚོགས་དེ་ནི་ཕྱི་ལོ་ ༡༩༩༥ ལོར་བཙན་བྱོལ་ནང་གི་བོད་པའི་རུམ་གདན་བཟོ་གྲྭ་དང་མགྲོན་ཁང་། ཕྱིའི་ཚོང་པ། འགྲིམ་འགྲུལ་ཚོང་ལས་བཅས་ཀྱི་ཚོང་པ་ཆེ་ཁག་རྣམས་ལྷན་འཛོམས་ཀྱི་ཐོག་ནས་མ་འོངས་པར་རྒྱལ་སྤྱིའི་ནང་བོད་པའི་ཚོང་པ་ཕན་ཚུན་བར་མཐུན་འབྲེལ་གོང་འཕེལ་དང་། ལྷག་པར་དུ་ཚོང་ལས་ཀྱི་གོ་སྐབས་གསར་སྐྲུན་ཡོང་ཐབས་བཅས་ལ་དམིགས་ཏེ་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོང་ལས་བདེ་ཚོགས་ལ་ཐོག་མར་ཚོགས་མི་གྲངས་ ༣༠༠ ལྷག་ཡོད་ཀྱང་ད་ཆ་ཚོགས་མི་གྲངས་ ༡༠༠ ལྷག་ཙམ་མ་གཏོགས་མེད་པ་རེད་འདུག

Tibetan Chamber of Commerce

འབྲེལ་ཡོད་གསར་གནས།

གསར་གནས།