Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་ནང་གི་སྐྱབས་བཅོལ་བར་ཁྲིམས་མཐུན་གྱི་ལག་འཁྱེར་དེབ་སྐྱེལ་གནང་འཆར།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བལ་ཡུལ་གཞུང་གིས་བལ་ཡུལ་ནང་གི་སྐྱབས་བཅོལ་བ་རྣམས་ལ་སྐྱེས་ཚེས་དང་འདས་ཚེས་ལ་སོགས་པའི་ཡིག་ཆ་གཞན་ཁག་གཅིག་ཁྲིམས་མཐུན་གྱི་ཐོག་ནས་དེབ་སྐྱེལ་གནང་རྒྱུའི་དགོངས་བཞེས་གནང་བཞིན་པ་རེད་འདུག

བལ་ཡུལ་གྱི་མི་སེར་དེབ་སྐྱེལ་ཚན་པའི་ངེས་སྟོན་པ་ Navaraj Jaisi ལགས་ཀྱིས་ The Kathmandu Post གསར་ཤོག་གི་དྲི་བར་ལན་འདེབས་ཁྲོད་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བ་རྣམས་ལ་ཡིག་ཆའི་ཐོག་ནས་དཀའ་ངལ་འཕྲད་བཞིན་པ་ངོས་ལེན་དང་འབྲེལ་ཁྲིམས་མཐུན་ཐོག་ནས་ངལ་བ་སེལ་ཐབས་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བལ་ཡུལ་གཞུང་གི་ National Identity Card and Civil Registration ཞེས་པའི་སྡེ་ཚན་ནས་སྐྱབས་བཅོལ་བ་རྣམས་ལ་སྐྱེས་ཚེས་དང་འདས་ཚེས་ལ་སོགས་པའི་ཡིག་ཆ་གཞན་ཁག་གཅིག་ཁྲིམས་མཐུན་གྱི་སྒོ་ནས་དེབ་སྐྱེལ་གནང་རྒྱུའི་དགོངས་བཞེས་གནང་བཞིན་པར་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་དང་མི་སེར་དེབ་སྐྱེལ་ཚན་པས་དང་དོད་གནང་གི་ཡོད་པར་གསུངས་འདུག

དེ་སྔ་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༠༦ དང་ ༢༠༠༧ བཅས་ཀྱི་རྗེས་སུ་སྐྱེས་པའི་སྐྱབས་བཅོལ་བའི་བྱིས་པ་རྣམས་ཀྱི་སྐྱེས་ཚེས་དེབ་སྐྱེལ་གནང་གི་ཡོད་ཀྱང་། ཡིག་ཆ་གཞན་རྣམས་དེབ་སྐྱེལ་གནང་གི་མེད་པར་མ་ཟད། བོད་མི་སྐྱབས་བཅོལ་བར་མཚོན་ན་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་བོད་མི་སྐྱབས་བཅོལ་བ་རྣམས་ལ་ Identity Card འམ་ངོ་སྤྲོད་ལག་འཁྱེར་གནང་རྒྱུ་མཚམས་འཇོག་བྱས་ཡོད་པ་དང། ཕྱིའི་རྒྱལ་ཁབ་ཁག་གཅིག་གིས་དེ་འབྲེལ་ཐད་བལ་ཡུལ་ལ་གནོན་ཤུགས་ཆེས་ཆེར་སྤྲད་མྱོང་ཡོད་པ་དེ་ལྟར་ནའང་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བོད་མིར་ངོ་སྤྲོད་ལག་འཁྱེར་གནང་རྒྱུ་བསྐྱར་གསོ་ཐུབ་མེད་པ་རེད།

བལ་ཡུལ་ནང་སྲིད་ལས་ཁུངས་དཔོན་རིགས་ཀྱིས་བལ་ཡུལ་གཞུང་གི་ངོས་ནས་སྐྱབས་བཅོལ་བ་རྣམས་ལ་སྐྱེས་ཚེས་དང་འདས་ཚེས་ལ་སོགས་པའི་ཡིག་ཆ་གཞན་ཁག་གཅིག་ཁྲིམས་མཐུན་གྱི་སྒོ་ནས་དེབ་སྐྱེལ་གནང་རྒྱུའི་དགོངས་བཞེས་གནང་བཞིན་པ་ཡོད་པ་དེ་ལྟར་ཡང་། བོད་མི་སྐྱབས་བཅོལ་བ་རྣམས་ལ་ངོ་སྤྲོད་ལག་འཁྱེར་གནང་རྒྱུ་དབུ་འཛུགས་གནང་བ་ཞིག་ཡིན་པ་མཚོན་གྱི་མེད་ཅེས་གསུངས་ཡོད་སྟབས་ལས་གཞི་དེའི་ཁོངས་སུ་བོད་མི་རྣམས་ཚུད་ཀྱི་ཡོད་མེད་གསལ་ཁ་གང་ཡང་མི་འདུག

སྤྱིར་དེ་སྔ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚན་པའི་གྲངས་ཐོ་ནང་བལ་ཡུལ་ཁུལ་དུ་བོད་མི་དང་འབྲུག་པ་སོགས་བཙན་བྱོལ་བ་ཉིས་ཁྲི་ཡས་མས་ཤིག་ཡོད་སྐོར་དང་། བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་བོད་མི་སྟོང་ཕྲག་བཅུ་གཉིས་ཙམ་ཡོད་པར་ཚོད་དཔག་གནང་གི་ཡོད་ཀྱང་ནང་སྲིད་ལས་ཁུངས་ཀྱི་གྲངས་ཐོ་གསར་ཤོས་ནང་བལ་ཡུལ་ Kaski  དང་ Solukhumbu  དེ་བཞིན་ Baglung  ལ་སོགས་པའི་ས་ཁུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་གྲངས་ཐོ་ཕུད་པའི་བལ་ཡུལ་མཆོད་རྟེན་གྱི་ཉེ་འཁྲིས་སུ་བོད་མི་བཙན་བྱོལ་བ་ ༤༥༤༦ ཙམ་གནས་སྡོད་གནང་གི་ཡོད་པར་ཚོད་དཔག་གནང་གི་ཡོད་སྐོར་བཀོད་འདུག

མིང་མངོན་གསལ་མེད་པའི་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱི་མི་སྣ་དེས་ད་དུང་བོད་མི་བཙན་བྱོལ་བ་ཚོས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་ལོ་ལྟར་འཕར་གྱངས་གནང་དགོས་ཀྱི་ཡོད་ཀྱང་འདི་ལོར་བོད་མི་ཉུང་ཤས་ཤིག་ལས་འཕར་གྱངས་གནང་མཁན་བྱུང་མེད་པ་དང་། ཉེ་ལམ་བོད་མི་དང་གཞུང་གི་མི་སྣ་ཁག་གཅིག་ཁ་མཐུན་ནས་ཁྲིམས་འགལ་གྱི་ཐོག་ནས་བོད་མིར་བལ་པོའི་མི་སེར་ལག་འཁྱེར་བཟོས་པ་དང་བོད་མིས་བལ་པོའི་མི་སེར་བཞེས་པའི་གནད་དོན་སོགས་བྱུང་ཡོད་སྟབས། ཅི་སྟེ་བལ་ཡུལ་གཞུང་གི་བོད་མི་བཙན་བྱོལ་བར་སྐྱབས་བཅོལ་ལག་དེབ་འམ་ངོ་སྤྲོད་ལག་འཁྱེར་ཞིག་བཟོས་ཚེ་སླད་མར་དཀའ་ངལ་དེ་རིགས་འཕྲད་མི་སྲིད་སྐོར་བཤད་འདུག

གཞི་རྩའི་བལ་ཡུལ་གཞུང་གི་ངོས་ནས་རྒྱ་ནག་ལ་བསྟུན་མཁས་ཆེ་དྲག་པའི་ཁྲོད་འདས་པའི་ལོ་མང་ནང་བལ་ཡུལ་དུ་བཅའ་སྡོད་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་གྱི་ཡིག་ཆ་མ་གནང་བ་དང་། བོད་མི་རྣམས་ལ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་གཙོས་གནད་ཆེའི་དུས་ཚིགས་ཁག་ལ་དམ་བསྒྲགས་དང་། བོད་མི་བཙན་བྱོལ་དུ་ཕེབས་མཁན་རྣམས་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་པ་སོགས་ཀྱི་གནད་དོན་རིམ་པར་འབྱུང་བཞིན་ཡོད་པ་རེད། འདི་ལོར་བལ་ཡུལ་ནང་གི་ཨ་རི་གཞུང་ཚབ་ཆེན་མོས་བལ་ཡུལ་ནང་གི་བོད་མི་ཚོར་ཁྲིམས་མཐུན་ཐོག་ནས་གནས་སྡོད་ཆོག་པའི་ལག་དེབ་སྤྲོད་དགོས་པ་དང་། བོད་མི་སྐྱབས་བཅོལ་བའི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པར་འགྲོ་བ་མིའི་གནད་དོན་ཞིག་ཆགས་ཡོད་པར་ནན་བརྗོད་གནང་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མཁས་ལས་རྟོག་ཞིབ་ལས་དོན་ཚོགས་ཆུང་དང་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་བཅས་བལ་ཡུལ་གཞུང་གིས་རྒྱལ་ཚོགས་དང་ལྷན་དུ་འཇོག་པའི་གྲོས་མཐུན་གཞིར་བཟུང་བོད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མིའི་བདེ་འཇགས་ལ་སྲུང་སྐྱོབ་འགན་ལེན་བྱེད་དགོས་པ་དང། ཁུལ་དེར་ཡོད་པའི་སྐྱབས་བཅོལ་བའི་བོད་མི་ཚོར་ཁྲིམས་མཐུན་གྱི་ངོ་སྤྲོད་ལག་འཁྱེར་གནང་དགོས་ཞེས་བལ་ཡུལ་གཞུང་ལ་ཞུ་སྐུལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།