Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་སེལ་ཐུབ་ཀྱི་མ་རེད།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནས་ཚུལ་བྱུང་ཡོད་པ་ལྟར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་དང་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཐུན་མོང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་འབྲེལ་ནས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་མཐའ་མཚམས་ཀྱི་རྩོད་རྙོག་མུ་མཐུད་གནས་ངེས་ཡིན་པའི་བརྡ་ལན་ནན་པོ་གནང་སོང་།ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་གྱི་བཞི་མདོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehra ལགས་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་པོའི་ཚོགས་མི་བཅས་འདུ་འཛོམས་ཀྱིས་ཕྱག་ཏུ་བོད་དང་རྒྱ་གར་གྱི་རྒྱལ་དར་བསྣམས་ནས་རྒྱ་དམར་གྱི་མཐའ་སྲུང་དམག་མིས་རྒྱ་གར་གྱི་ས་མཚམས་ལས་བརྒལ་ནས་ཧམ་འཛུལ་བྱས་པར་ངོ་རྒོལ་སྐད་འབོད་གནང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཇི་སྲིད་བོད་རང་བཙན་གྱི་བདེན་མཐའ་མ་གསལ་བ་དེ་སྲིད་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་དང་འབྲེལ་བའི་ངལ་བ་རྣམས་མུ་མཐུད་འཕྲད་ངེས་ཡིན་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་པའི་གཞེན་བསྐུལ་གནང་སོང་།དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehra ལགས་ཀྱིས་རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་འཁྲུག་སློང་ཚེ་རྒྱ་གར་གྱིས་དེར་རྒོལ་ལན་གནང་རྒྱུའི་ནུས་སྟོབས་ལྡན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱི་ངོས་ནས་དུས་རྟག་ཏུ་བོད་མིའི་མངོན་འདོད་ཇི་ཡོད་ལ་རྒྱབ་སྐྱོར་ཡོད་པ་ལྟར་རང་ཉིད་ཀྱིས་དེ་དེ་བཞིན་རྒྱབ་སྐྱོར་ཡོད་ཅེས་གསུངས་པར་མ་ཟད། རྟ་དབང་ས་ཁུལ་གྱི་འཕགས་འབོད་ས་མཚམས་གནད་དོན་ལས་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པ་དེ་དངོས་ར་གསལ་འཕྲོད་བྱུང་སོང་ཞེས་གསུངས་ཡོད།བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ང་ཚོ་འདིར་མཉམ་ཞུགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ནི་རྒྱ་གར་གྱི་དམག་མི་དང་རྒྱ་གར་གཞུང་མང་བཅས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་ཡིན་སྐོར་གསུངས་པ་དང་འབྲེལ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་སྟེ་དུས་ད་ལྟ་བར་འཕགས་བོད་ཀྱི་ས་མཚམས་དང་འབྲེལ་ཏེ་རྒྱ་དཀར་ནག་གི་མཐའ་དམག་དབར་གདོང་ཐུག་བྱུང་ཡོད་པ་དང་། སླད་མར་བོད་ལ་རང་བཙན་ཐོབ་ན་མ་གཏོགས་ཕྱོགས་གཉིས་དབར་གྱི་དཀའ་རྙོག་དེ་སེལ་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་ཆབས་ཅིག བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན། འཕགས་བོད་མཛའ་འབྲེལ་ནི་ནམ་ཡང་གནས་གྱུར་ཅིག་ཅེས་ཚོར་ཤུགས་ཆེན་པོས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་རྔམ་སྟོན་གནང་ཡོད།

རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་ཡོད་པ་དང་། རྒྱ་གར་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་བཅིངས་གྲོལ་དམག་མིས་ས་མཚམས་བརྒལ་བར་བརྟེན། རྒྱ་གར་གྱི་དམག་མིས་དེར་གདོང་ལེན་ནན་པོ་གནང་བ་སོགས་ཕན་ཚུན་དབར་གདོང་ཐུག་བྱུང་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ཕྱི་ཉིན་དེར་རྒྱ་གར་གྱི་གྲོས་ཚོགས་འོག་མར་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནད་དོན་དེ་དང་འབྲེལ་ཏེ་རྒྱ་གར་གྱི་དམག་མི་གཅིག་ཀྱང་རྐྱེན་འདས་སུ་ཕྱིན་མེད་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་མེད་པར་མངོན་གསལ་གནང་འདུག་པ་དང་ཆབས་ཅིག་རྒྱ་གར་གྱི་དམག་མིས་རྒྱ་དམག་ལ་ཕར་གདོང་ལེན་ནན་པོ་གནང་ཡོད་པ་སོགས་གསལ་བཤད་གནང་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།