Tibetan Royal Year of 2151 | Year of the Wood Dragon

བོད་ནང་ཕྱི་རྒྱལ་གསར་འགོད་པ་བསྐྱོད་རྒྱུར་མུ་མཐུད་དམ་བསྒྲགས་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

Foreign Correspondent Club of China ཞེས་རྒྱ་ནག་ནང་རྟེན་གཞི་བྱེས་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་ནང་། བོད་ནང་ཕྱི་རྒྱལ་གསར་འགོད་པ་རྣམས་བསྐྱོད་རྒྱུར་མུ་མཐུད་དམ་བསྒྲགས་དང་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་མངོན་གསལ་གནང་བ་མ་ཟད། མཐུན་ཚོགས་དེའི་ངོས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཁྱོན་ ༡༠༡ གི་བསམ་ཤོག་བསྡུ་ལེན་གནང་བའི་ཁྲོད། ཕྱི་ལོ་ ༢༠༢༣ ནང་རྒྱ་གཞུང་གིས་གསར་འགོད་པ་གཅིག་ལ་མ་གཏོགས་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་མེད་པ་གསུངས་འདུག

FCCC མཐུན་ཚོགས་ངོས་ནས་ལོ་ལྟར་རྒྱ་ནག་ནང་གནས་སྡོད་ཕྱི་རྒྱལ་གསར་འགོད་པའི་གནས་བབས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༨ ཉིན་ཕྱི་ལོ་ ༢༠༢༣ ལོའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྟངས་འཛིན་ཁག་ལྷོད་ཡངས་སུ་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་ཚོར་དམ་བསྒྲགས་དང་འཇིགས་སྐུལ་སོགས་ཀྱི་བརྒྱུད་གསར་འགོད་པའི་རང་དབང་རྡོག་རོལ་གཏོང་བཞིན་པའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་མ་ཟད། བོད་དང་ཤར་ཏུར་ཀིས་ཐན་ལྟ་བུ་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་ས་ཁུལ་ཁག་ཏུ་ཕྱི་རྒྱལ་གསར་འགོད་པ་བསྐྱོད་རྒྱུར་དམིགས་བསལ་གྱི་དམ་བསྒྲགས་བྱས་ཡོད་པ་མངོན་གསལ་གནང་འདུག

ལྷག་པར་འདས་པའི་ལོ་ཟླའི་ནང་ཕྱི་རྒྱལ་གསར་འགོད་པ་གསུམ་གྱིས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་ཐབས་ཤེས་གནང་ཡང་། དཀའ་ངལ་མང་དག་ཅིག་འཕྲད་ཡོད་སྐོར་མངོན་གསལ་གནང་བ་མ་ཟད། གསར་འགོད་པ་གཅིག་ལ་མ་གཏོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲོད་མེད་པ་དང་། སྤྱིར་རྒྱ་གཞུང་གིས་རྒྱུན་དུ་བོད་དང་ཤར་ཏུར་ཀིས་ཐན་ནང་གསར་འགོད་པ་རྣམས་ལ་མཚན་དཀྱིལ་དུ་ཉེན་རྟོག་པས་ཁ་པར་བཏང་བ་དང་། སྐབས་རེ་སྤྱི་བདེ་མི་སྣ་དངོས་སུ་མགྲོན་ཁང་ནང་བསླེབས་ནས་སུན་གཙེར་བཟོ་སྲོལ་ཡོད་པ་བཞིན། ད་ཆ་དེ་ལྟ་བུའི་དམ་བསྒྲགས་རྒྱ་ནག་གི་ས་ཁུལ་གཞན་ལའང་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག

རྩ་བའི་ FCCC མཐུན་ཚོགས་ཀྱིས་ལོ་འཁོར་སྙན་ཐོ་དེའི་སླད། འདི་ལོའི་འགོ་སྟོད་དུ་རྒྱ་ནག་ནང་གསར་འགོད་ལས་དོན་གཉེར་བཞིན་པའི་གསར་འགོད་པ་ཁྱོན་ ༡༥༧ ཡོད་པའི་ཁོངས་ནས་ ༡༠༡ གི་བསམ་ཤོག་བསྡུ་ལེན་གནང་ཡོད་པ་དང་། གསར་འགོད་པ་དེ་དག་ཁྲོད་བརྒྱ་ཆ་ ༩༩ ཡིས་རྒྱ་ནག་ནི་ད་ལྟའི་ཆར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསར་འགོད་ཀྱི་ཚད་གཞིར་སྙོབ་ཐུབ་མེད་ཅེས་གསུངས་པ་མ་ཟད། རྒྱ་གར་དང་ཨོསྟྲེ་ལི་ཡས་གཙོས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གི་གསར་འགོད་པ་རྣམས་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་སྡོམ་གྱིས་མཐོང་མཆན་སོགས་ངོས་ལེན་བྱེད་ཀྱི་མེད་ཅིང་། ད་ལྟའི་ཆར་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་མང་དག་ཅིག་ལ་ལས་མི་ཉུང་དྲགས་པའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་པ་རེད་འདུག

གནད་དོན་དེ་དང་འབྲེལ་ FCCC ལ་ Dutch གསར་འགོད་པ་ Sjoerd Den Daas ལགས་ཀྱིས། དེ་སྔོན་ཁོང་ནས་ Chengdu ནང་ཡོད་པའི་མི་མང་ཕོན་ཆེའི་དངུལ་བཅོལ་འཇོག་བྱེད་སའི་དངུལ་ཁང་ཞིག་འདི་ལོའི་འགོ་སྟོད་དུ་ཚོང་རྡིབ་རྐྱེན། མི་མང་རྣམས་ནས་ངོ་རྒོལ་བྱས་པར་གནས་ཚུལ་མཁོ་སྒྲུབ་ཆེད་ཁུལ་དེར་འབྱོར་ཡོད་པ་དང་། ཁོང་གིས་ངོ་རྒོལ་བ་ཞིག་ལ་བཅར་འདྲི་བྱ་རྒྱུའི་ཐབས་ཤེས་བྱས་མ་ཐག་ཉེན་རྟོག་པ་དང་། སྐོར་སྲུང་བ་མང་པོས་ཁོང་ལ་བཀག་སྡོམ་གྱིས་འབུད་རྒྱག་བཏང་ཡོད་པ་མ་ཟད། ཁོང་གི་བརྙན་ལེན་པ་ལ་ཡང་བཀག་སྡོམ་བྱས་པ་སོགས་ཁོང་གི་པར་ཆས་ནང་ཐེབས་ཡོད་སྟབས། ཁོང་གཉིས་ཀ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཏེ། ཆུ་ཚོད་འགའ་ཤས་བཀག་ཉར་གྱིས་གློད་བཀྲོལ་བྱས་ཡོད་ཅིང་། གློད་བཀྲོལ་ཟིན་པའི་རྗེས་སུའང་ཁོང་གཉིས་ Chengdu ཁུལ་ནས་མ་ཐོན་བར་དུ་རླངས་འཁོར་མང་པོས་རྗེས་འདེད་བྱས་པ་སོགས་བྱུང་འདུག

ཕྱི་རྒྱལ་གསར་འགོད་པ་མང་པོ་ཞིག་གིས་རང་ཉིད་ཙམ་མ་ཟད། རྒྱ་རིགས་ལས་རོགས་རྣམས་ལའང་སྐབས་རེ་གནས་ཚུལ་མཁོ་སྒྲུབ་དང་བཅར་འདྲི་སོགས་ཀྱི་ཆེད་དུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་མཁོ་སྒྲུབ་ཀྱི་ས་ཚིགས་སུའང་སུན་གཙེར་དང་དྲག་གནོན། དེ་བཞིན་གསར་འགོད་པ་ཁ་ཤས་གནས་ཚུལ་མཁོ་སྒྲུབ་ཆེད་བསྐྱོད་སྐབས་ Drone གིས་རྗེས་འདེད་བྱས་ཏེ། སོ་མྱུལ་བྱས་པ་སོགས་གནས་ཚུལ་མང་དག་ཅིག་འཕྲད་བཞིན་ཡོད་པས། ད་ཆ་རྒྱ་ནག་གནས་སྡོད་ཕྱི་རྒྱལ་གྱི་གསར་འགོད་པའི་གནས་སྟངས་དེ་ལྟ་བུ་ནི་སྤྱིར་བཏང་ཞིག་ཏུ་གྱུར་ཟིན་པ་སོགས་འགྲེལ་བརྗོད་གནང་འདུག

སྤྱིར་ FCCC ཞེས་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་དེ་ནི་ཕྱི་ལོ་ ༡༩༨༡ ལོར་རྒྱ་ནག་ནང་གསར་འཛུགས་བྱས་པ་ཞིག་ཡིན་རུང་། རྒྱ་གཞུང་ནས་ད་བར་གཞུང་འབྲེལ་སྒོ་ནས་མཐུན་ཚོགས་དེར་ཁས་ལེན་བྱས་མེད་པ་མ་ཟད། མཐུན་ཚོགས་དེ་བཞིན་ཁྲིམས་འགལ་གྱི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།