Tibetan Royal Year of 2151 | Year of the Wood Dragon

བོད་མཐོ་སྒང་གི་གལ་གནད་དང་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཟླ་བ་འདིའི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་  ༡༦ གི་རྒན་བདག་ ༤༤ ལ་འགོ་ཁྲིད་ཟབ་སྦྱོང་གནང་ཡོད་པ་ལྟར། སློབ་ཕྲུག་དེ་དག་ལ་བོད་ཀྱི་སྐད་དང་རིག་གཞུང་གི་གལ་གནད། ཤེས་ཡོན་གྱི་དམིགས་ཡུལ། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་གོ་རྟོགས་ལ་སོགས་པའི་སྐོར་སློབ་ཁྲིད་དང་མཛད་གཙོ་རྣམ་པའི་དྲུང་ནས་ལམ་སྟོན་ཞུ་རྒྱུའི་ལས་རམ་བཅས་བང་སྒྲིག་ཡོད་པ་རེད།

དེའང་། ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཆེད་ཕེབས་ཀྱིས་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བའི་ཁྲོད་མང་གཙོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་འབྲེལ་ནས་གསུངས་པར་ཐ་སྙད་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་གསལ་ལས་ངལ་རྩོལ་ལ་བརྟེན་ཞིང་གྲལ་གྱི་མཐའ་གནས་པ་མི་མང་ལ་གོ་དགོས་པ་དང་། གཙོ་ཟེར་བ་འདི་དེ་དག་གཙོ་བོར་འཛིན་དགོས་པའམ་དོན་གྱི་བདག་པོ་ཡིན་པ། མི་མང་གིས་གཙོ་བོ་འགན་འཁུར་དགོས་ཀྱི་ཡོད་པ་ཞིག་ལ་གོ་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་བཞིན་ཁོང་གིས་མང་གཙོའི་ལམ་ལུགས་ནང་ལ་མི་མང་གི་ཐོག་ནས་གཞུང་འཛིན་སྐྱོང་བྱེད་སྟངས་དང་། འགན་འཁུར་བཞེས་སྟངས། དེ་དང་མཉམ་དུ་མི་མང་གི་ཤེས་ཚད་དང་མི་མང་གི་རྣམ་དཔྱོད་དེའང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཏེ། རྒྱ་གར་གྱི་མང་གཙོ་དང་ཐེ་ཝན། དེ་བཞིན་ལྷོ་ཀོ་རི་ཡ་བཅས་ཀྱི་མང་གཙོའི་འགྲོ་སྟངས་དང་ང་ཚོའི་མང་གཙོ་འདི་གང་འཚམ་འདྲ་པོ་ཡོད་པ་དེ་ལྟར་ནའང་། ཁྱད་པར་གཙོ་བོ་གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་དེ་དག་ང་ཚོས་གཙོ་བོར་ངོས་འཛིན་དགོས་གལ་ཡིན་པར་གསུངས་འདུག་ལ། དེ་གཙོ་བོར་འཛིན་ནས་ང་ཚོས་ཕྱག་ལས་གནང་མ་ཐུབ་ཚེ་ང་ཚོའི་མང་གཙོ་ལ་ཉེན་ཁ་ཤུགས་ཆེན་པོ་ཞིག་འཕྲད་སྲིད་སྐོར་གསུངས་ཡོད།

དེ་མཚུངས་སུ་ཁ་སང་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་ཚོགས་ཁང་དུ་གཏན་སློབ་ཁག་གི་རྒན་བདག་རྣམས་རྣམས་དང་བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་དགེ་སློབ་ཁག་གཅིག་ལ་འཛམ་གླིང་ལ་བོད་མཐོ་སྒང་གལ་གནད་ཆེ་ཚུལ་སྐོར་གསུང་བཤད་གནང་སྐབས་སུ་བཙན་བྱོལ་ནང་དུ་བསྐྱར་འཛུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོའི་ཁྱད་ཆོས་ངོ་སྤྲོད་དང་། ལས་དོན་གནང་ཕྱོགས། མི་མང་གིས་སྤྱི་འཐུས་འདེམས་སྟངས་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་ས་ཁམས་ཆབ་སྲིད་དང་ཁོར་ཡུག་དང་འབྲེལ་ཏེ་འཛམ་གླིང་ཐོག་བོད་ཀྱི་གལ་གནད་ཆེ་ཚུལ་འགྲེལ་བརྗོད་གནང་བར་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་འདས་པའི་དུས་རབས་མང་པོའི་རིང་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཀྱི་ངོ་བོར་གནས་ནས་་ཁམས་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ལ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་ལ་དོ་ཕོག་བཏང་ཡོད་ཅིང་། དེ་སྔོན་བོད་རང་བཙན་ཡིན་སྐབས་རྒྱ་ཕྱོགས་ནས་རྒྱ་གར་ལ་དེ་ལྟ་བུའི་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་མྱོང་མེད་སྐོར་མངོན་གསལ་གནང་བར་མ་ཟད། དེ་བཞིན་བོད་མཐོ་སྒང་གི་སྣོད་བཅུད་རྟེན་འབྲེལ་དང་ཁོར་ཡུག་གི་གལ་གནད་ལས་འཕྲོས་ཏེ་ཡོངས་གྲགས་སུ་བོད་ནི་འཛམ་གླིང་ས་ཡི་མཐོ་སྒང་ངམ་སྣེ་གསུམ་པར་འབོད་སྲོལ་ཡོད་པ་བཞིན་བོད་ཀྱི་མཐའ་བཞིའི་གངས་རི་དེ་དག་ནས་ཨེ་ཤ་ཡའི་སྲོག་རྟེན་དུ་གྱུར་བའི་ཆུ་བོ་མང་པོ་ཐོན་གྱི་ཡོད་པ་དང་། ཆུ་བོ་དེ་དག་ལ་མི་མང་ས་ཡ་མང་པོའི་འཚོ་རྟེན་གྱུར་ཡོད་པའི་དཔང་རྟགས་དང་བཅས་པ་གསལ་སྟོན་གནང་ཡོད།  

ལྷག་དོན་སྲིད་སྐྱོང་མཆོག་གིས་སློབ་གཉེར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་དག་ཅིག་ནས་གོམ་པ་མདུན་སྤོས་འབད་འབུངས་གནང་བཞིན་ཡོད་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་བཀའ་དྲིན་སྐྱོང་ཚུལ། བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས། སློབ་གྲྭ་སོགས་གསར་འཛུགས་གནང་རིམ་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་ཡོད་པ་རེད།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་གནང་བའི་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༡༠ དེ་ཟླ་བ་འདིའི་ཚེས་ ༢༡ ནས་ ༢༧ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཀྱི་ཡོད་པ་རེད། པར་བདག་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།