བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཁུལ་དུ་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡།༡༦ སྟེང་ས་ཡོམ་ཤུགས་ཚད་ ༥་༧ ཅན་ཞིག་དང་དེའི་སྐར་མ་ ༡༨ རྗེས་སུ་སླར་ཡང་ས་ཡོམ་ཤུགས་ཚད་ ༥་༨ ཞིག་བརྒྱབ་འདུག

དེ་ཡང་དེ་རིང་རྒྱལ་སྤྱི་དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་སྔ་དྲོ་མཚོ་ལྷོ་ཁུལ་གྱི་བྲག་དཀར་རྫོང་ཁུལ་དུ་ས་ཡོམ་ཤུགས་ཆེ་བ་ཁག་གཉིས་བརྒྱབ་ཡོད་པ་དང་ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་ ༡༠ ཡིན་པ་མངོན་གསལ་གནང་འདུག་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ་བརྙན་ཐུང་ཁག་གཅིག་འདོན་སྤེལ་བྱས་པའི་ནང་དུ། ས་ཡོམ་རྒྱག་པའི་སྐབས་སུ་ས་ཁུལ་གྱི་རིའི་རྩེ་ནས་ས་རུད་རྒྱག་པའི་རྐྱེན་གྱིས་ཐལ་འཚུབ་ཆེན་པོ་ལང་བཞིན་པ་མངོན་རྒྱུ་འདུག མ་ཟད་ས་ཡོམ་གྱི་འགུལ་ཚད་ཆེ་བའི་རྐྱེན་གྱིས་ཉེ་འཁོར་གྱི་ཟི་ལིང་གྲོང་ཁྱེར་དང་ Lanzhou གྲོང་ཁྱེར་ནང་དུ་ས་འགུལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་བརྗོད་འདུག ཡིན་ནའི་ད་ལྟའི་ཆར་ས་གནས་སུ་ཁང་པ་ལུག་པ་དང་མི་ཤི་དོན་རྐྱེན་སོགས་བྱུང་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག
རྩ་བའི་རྒྱལ་སྤྱིའི་ས་ཁམས་ཞིབ་འཇུག་པ་དང་ས་འགུལ་ཉམས་ཞིབ་པ་ཚོས་འདི་ལོ་ཧི་མ་ལ་ཡའི་རི་རྒྱུད་དང་ལྷག་པར་དུ་བོད་ཀྱི་མཐོ་སྒང་དུ་ས་ཡོམ་ཤུགས་ཆེ་བརྒྱག་སྲིད་པའི་སྔོན་བརྡ་བཏང་ཡོད་པའི་ཁྲོད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་བོད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་དུ་གཏིང་ཚད་སྤྱི་ལེ་ ༡༠ ཡི་ས་ཡོམ་འགུལ་ཚད་ ༥།༥ ཅན་ཞིག་བརྒྱབ་ཡོད་པའི་ཁར་ཐེ་བོ་རྫོང་ས་ཁུལ་གྱི་རུ་སྡེ་བ་མང་པོ་ལ་ས་འགུལ་གྱིས་གནོད་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།




