Tibetan Royal Year of 2151 | Year of the Wood Dragon

བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

Tibetan News Headlines

  • In conversation with Geshe Thupten Jinpa on current status and future prospects of Tibetan Buddhism

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་ཆིབས་བསྒྱུར་མཛད་པ་དང་བསྟུན། ༸གོང་ས་མཆོག་གི་སྨན་བཅོས་ལམ་ལྷོང་ཡོང་སླད་བཞུགས་སྒར་དྷ་རམ་ས་ལར་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ནས་སྐུའི་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་མ་ཟད། དེ་རིང་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་གྱི་ཧིན་དྷུ་དང་སིཀ ཁ་ཆེ་དང་ཡི་ཤུ དེ་བཞིན་ནང་པའི་ཆོས་བརྒྱུད་བཅས་ཆོས་ལུགས་ལྔ་ཡི་སྐུ་ཚབ་གཙོ་བོར་འགྱུར་བའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལྷན་འཛོམས་ཐོག་འཛམ་གླིང་ཞི་བདེ་དང་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་མཆོད་འབུལ་སྨོན་ལམ་གྱི་ལས་རིམ་ཚོགས་གནང་སོང་།

HHDL Prayer

སྐབས་དེར་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམས་ནས་རང་སོ་སོའི་ཆོས་ལུགས་ཀྱི་གནང་སྒོ་ཁག་དང་སྨོན་ལམ་འདོན་གནང་བ་དང་འབྲེལ། ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་དང་༸གོང་ས་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་གསུངས་དོན་གནང་སོང་།

དེ་རིང་གི་ལས་རིམ་གོ་སྒྲིག་གནང་མཁན་ཧིན་བོད་མཛའ་འབྲེལ་ཚོགས་པ་ཡིན་པ་ལྟར་འདི་གའི་གསར་འགོད་པའི་དེ་རིང་དེར་ཆེད་ཕེབས་གནང་བའི་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་སྐུ་ཞབས་ Ram Swaroop ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་མི་སྣ་སྙན་གྲགས་ཆེ་ཤོས་ཞིག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད་པ་དང་། ༸མགོན་པོ་གང་ཉིད་ཀྱི་དུས་རྟག་ཏུ་ཞི་བདེ་དང་བྱམས་སྙིང་རྗེ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་ལམ་སྟོན་བཀའ་སློབ་མཛད་གྱི་ཡོད་སྐོར་དང་འབྲེལ། ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་དེ་བཞིན་ཆོས་ལུགས་འདྲ་མིན་ཞི་བདེ་མཉམ་གནས་བྱས་སའི་རྒྱལ་ཁབ་ཞིག་ཡིན་པ་བཀའ་གནང་གི་ཡོད་པ་ལྟར། དེ་རིང་ཚོགས་པའི་ངོས་ནས་ཧིན་དྷུ་དང་སིཀ། ཡི་ཤུས་དང་ཁ་ཆེ། དེ་བཞིན་ནང་པའི་ཆོས་བརྒྱུད་ཀྱི་འགོ་ཁྲིད་དང་སྐུ་ཚབ་གདན་ཞུས་ཐོག་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་བསམ་བློ་གཅིག་གྱུར་གྱི་ཐོག་ནས་༸གོང་ས་མཆོག་གི་སྨན་བཅོས་ལམ་ལྷོང་དང་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་སླད་དུ་སྨོན་ལམ་གསོག་སྒྲུབ་གནང་རྒྱུར་འདུ་འཛོམས་གནང་ཡོད་པ་གསུངས་སོང་།

ཕྱོགས་མཚུངས་དེ་རིང་གི་ལས་རིམ་ཐོག་ཕེབས་པའི་རྒྱ་གར་གྱི་ཆོས་ལུགས་ཚང་མའི་འགོ་ཁྲིད་དང་སྐུ་ཚབ་རྣམས་ནས་ཀྱང་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་བློ་གོང་འཕེལ་གནང་བ་བཞིན་དེ་རིང་ཁོང་རྣམས་དེར་ལྷན་འཛོམས་ཀྱིས་༸གོང་ས་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་གསུངས་དོན་གནང་བར་ཕེབས་ཡོད་པ་གསུངས་སོང་།

དེའི་བར་ན་དེ་རིང་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཕྱག་ཚོད་ ༧།༣༠ ནས་འགོ་བཙུགས་ཏེ་སང་སྔ་དྲོ་ཕྱག་ཚོད་ ༥ པའི་བར་སྒྲོལ་མ་དང་སྨན་ལྷའི་གཟུངས་སྔགས་གསོག་སྒྲུབ་སོགས་ཀྱི་ལས་རིམ་སྐྱོང་མུས་ཡིན་པ་རེད། དེའི་སྐོར་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་པོ་ ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་དེ་རིང་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་དངོས་ཀྱི་ཉིན་མོ་དེ་ཡིན་པ་དང་འབྲེལ་ནས་རྒྱ་གར་གྱི་ས་གནས་འདྲ་མིན་དབུས་པའི་འཛམ་གླིང་ས་ཕྱོགས་གར་གནས་པའི་བོད་མི་དང་ཧི་མ་ལ་ཡའི་མི་རིགས་རྣམས་ནས་སྐུའི་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ལྟར། དེ་རིང་ཨ་རུ་ན་ཅལ་ Menchuka ནང་དུའང་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་གནང་བཞིན་པའི་སྐོར་སྐུ་པར་དང་སྦྲགས་ནས་གནས་ཚུལ་བཏང་འབྱོར་བྱུང་སོང་།

ཕྱོགས་ཚུངས་དེ་རིང་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་འདུ་སྡོད་ས་གནས་གང་སའི་ནང་དུ་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པའི་བརྙན་དང་པར་རིས་མང་དག་ཞིག་མངོན་རྒྱུ་ཡོད་པ་མ་ཟད། བོད་ནང་དུའང་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་མ་ལྟོས་པར་༸གོང་ས་མཆོག་གི་སྨན་བཅོས་ལམ་ལྷོང་སླད་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ཡང་མངོན་རྒྱུ་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནས་ཀྱང་། ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་ ༥ བར་སྨན་བླའི་གཟུངས་སྔགས་སོགས་སྒྲུབ་གནང་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།