སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་སྦྲགས། བོད་རིགས་རྣམས་ནས་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དེའི་ཐོག་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་ཐུབ་ཚེ་ཕན་ཡོན་ཆེན་པོ་ཡོད་ཅེས་བཀའ་སྩལ་སོང་།


དེ་རིང་ཟླ་ ༥ ཕྱི་ཚེས་ ༡༡ སྟེ་བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༤ ཉིན་གྱི་སྔ་དྲོ་ཚོུད་ ༧.༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་ཐུགས་སྨོན་མཛད་པ་དང་སྦྲགས། བོད་ཟླ་ ༤ ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དེའི་ཐོག་བོད་མི་རྣམས་ནས་འཕགས་པ་སྤྱན་རས་གཟིགས་ལ་དད་གུས་གཡོ་བ་མེད་པའི་ཐོག་མ་ཎི་ཡག་པོ་གསོག་རྒྱུའི་ཀུན་སློང་དགོས་པར་དུས་མཚུངས་སུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་སེམས་བཟང་པོ་གནང་དགོས་ཞེས་བཀའ་ནན་སྩལ་སོང་།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་འཕགས་པ་སྤྱན་རས་གཟིགས་ཇོ་བོ་ཝ་ཏི་བཟང་པོའི་བསྟོད་པའི་ལྗགས་ལུང་བཀྲིན་སྩལ་བ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་ནི་ང་ཚོ་བོད་གངས་ཅན་ལྗོངས་ལ་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པའི་ལྷ་སྐལ་ཞིག་ཡིན་ཞིང་། ང་ཚོ་བོད་པ་ཚོས་རྒྱུན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འདོན་པ་དང་གསོལ་བ་འདེབས་ཀྱི་ཡོད་སྐོར་བཀའ་སྩལ་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྒྱུ་གཙོ་བོ་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་སྟབས། དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་བ་མ་ཟད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་༸རྒྱལ་བའི་མཚན་ཐོགས་པ་ནང་བཞིན་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་ཞིག་དང་ཇོ་བོ་ཝ་ཏི་བཟང་པོའི་བཞེས་དགོངས་སྒྲུབ་བསམ་པའི་ཐུགས་བསྐྱེད་མཛད་ཀྱི་ཡོད་ཅེས་བཀའ་སྩལ་སོང་།

གཞི་རྩའི་ཟླ་འདིའི་ཕྱི་ཚེས་ ༩ བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༡ ནས་དབུ་འཛུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གཙོས་པའི་བོད་བསྟན་སྲིད་སྤྱིའི་བདེ་ཐབས་ཀྱི་སླད་གཟའ་འཁོར་གཅིག་རིང་མ་ཎི་དུང་སྒྲུབ་དང་། སྨན་བླའི་གཟུངས་སྔགས། དེ་བཞིན་མ་ཎི་རིལ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་རྒྱ་གང་ཆེ་གནང་བཞིན་ཡོད་པ་རེད།






