Tibetan Royal Year of 2151 | Year of the Wood Dragon

བྱིས་པའི་ཉིན་མོ་སྲུང་བརྩི་ཞུས་པའི་ཆེད་སྒྲིག་གི་ལེ་ཚན།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་མོ་དེ་ནི་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜིཏ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ Pandit Jawaharlal Nehru མཆོག་གི་འཁྲུངས་སྐར་དང་བསྟུན། རྒྱ་གར་རྒྱལ་ཡོངས་ནང་དུ་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རང་རེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཡུལ་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་དུའང་ཉིན་མོ་དེ་གལ་འགངས་ཆེན་པོ་ཞིག་ལ་བརྩི་སྟེ་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། དྷ་ཤོས་བོད་ཁྱིམ་དུ་དེ་འབྲེལ་ཉིན་མོ་སྲུང་བརྩི་ཞུས་པའི་ཆེད་སྒྲིག་གི་ལེ་ཚན་ཞིག་རྒྱང་སྲིང་ཞུས་ཡོད།

ལྷག་པར་དུ་དེ་རིང་བྱིས་པའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དེ་འབྲེལ་གསུང་འཕྲིན་ཞིག་བསྐྱངས་བའི་ནང་སློབ་ཕྲུག་ཚང་མར་འཚམས་འདྲི་དང་སྦྲགས། ཉིན་མོ་འདི་ཧ་ཅང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས་འདུག

ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོའི་སྐབས་སུ་བབས་པའི་ལས་འགན་གཙོ་བོ་ནི་ཕྱི་ནང་གི་ཤེས་བྱ་རིག་པའི་གནས་ལ་སྦྱངས་བརྩོན་བྱ་རྒྱུ་དང་། ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་ཆགས་ཐུབ་པ་བྱ་རྒྱུ་འདི་ཡིན་པ་དང་ཆབས་ཅིག ང་ཚོ་བཙན་བྱོལ་དུ་འབྱོར་ནས་བོད་མིའི་འདུ་སྡོད་གཞིས་ཆགས་དང་། དགོན་སྡེ་གྲྭ་ཚང་སོགས་ཆོས་སྡེ་ཁག དེ་བཞིན་རིག་གཞུང་གི་བསྟི་གནས་ཁང་དང་སློབ་གྲྭ་བཅས་གསར་འཛུགས་ཀྱིས་འཛམ་གླིང་ནང་གི་བཙན་བྱོལ་བ་གཞན་དང་མི་འདྲ་བའི་གནས་སྟངས་གྱུར་ཡོད་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་ཚང་མས་བཀའ་དྲིན་སྙིང་ལ་བཅང་དགོས་གལ་ཡིན་པ་གསུངས་འདུག

མ་ཟད་ལོ་ཤས་གོང་ནས་རྒྱ་གཞུང་གིས་བོད་དུ་རང་ལོ་ ༦ ནས་ ༡༨ བར་གྱི་བོད་ཕྲུག་ན་གཞོན་ཇི་སྙེད་ཅིག་ལ་བཙན་པོ་དབང་ཤེད་ཀྱི་སྒོ་ནས་བཅའ་སྡོད་སློབ་གྲྭ་ཁག་ནང་འགྲིམ་དུ་བཅུག་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་དང་བཅས་པར་སྦྱངས་བརྩོན་དང་གོམས་འདྲིས་ཏིལ་འབྲུ་ཙམ་ཡང་བྱེད་མ་བཅུག་པར་བོད་མིའི་ངོ་བོ་དྲི་མ་ཙམ་ཡང་མེད་པ་བཟོས་དང་བཟོ་བཞིན་ཡོད་སྟབས། བཙན་བྱོལ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་ལྷག་བསམ་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་ཆོས་རིག་ལེགས་བྱང་དང་། སྐད་ཡིག་གོམས་སྲོལ་བཟང་པོ་དེ་དག་འཛིན་སྐྱོང་སྤེལ་གསུམ་སྔར་ལྷག་འབད་འབུངས་ཞུ་ཐུབ་པའི་གཞེན་སྐུལ་གནང་འདུག

ལྷག་དོན་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། བྱེ་བྲག་ཏུ་དཔལ་ནཱ་ལནྡཱའི་པཎ་གྲུབ་རྣམས་ལས་མཆེད་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཟབ་མོའི་ནང་དོན་ཡོངས་སུ་རྫོགས་པ་སྟོན་ཐུབ་མཁན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཁོ་ན་ཡིན་པས། རང་རེའི་ན་གཞོན་གཙོ་བོར་གྱུར་པའི་བོད་མི་སེར་སྐྱ་བགྲེས་གཞོན་ཚང་མས་སྐད་ཡིག་ཐོག་སྦྱངས་བརྩོན་ལྷོད་མེད་གནང་སྐྱོང་ཡོང་བར་མ་ཟད། ཕན་ཚུན་བཀའ་མོལ་གནང་སྐབས་སྐད་ཡིག་གཞན་གྱིས་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བསྐྱོན་རྒྱུར་སྒོ་ཀུན་ནས་འབད་བརྩོན་གནང་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།